ཧང་ཀྲོའུ་ཨ་ཞི་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པ་པེ་ཅིང་དུ་དབུ་བརྙེས་པ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྐབས་བཅུ་དགུ་པའི་ཨ་ཞི་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པ་དབུ་བརྙེས་པའི་ཚོགས་ཆེན་དེ་སྤྱི་ཚེས་12ཉིན་པེ་ཅིང་དུ་འཚོགས་ཤིང་། ཧང་ཀྲོའུ་ཨ་ཞི་ཡའི་ལུས་རྩལ་འགྲན་ཚོགས་ནང་ཞུགས་མཁན་ལུས་རྩལ་པ་དང་རྩལ་སློབ་པ་རྡོག་ཐོན་བྱེད་པའི་དུང་བརྡ་གྲགས་ཡོད།
ཧང་ཀྲོའུ་ཨ་ཞི་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་འཐུས་མི་ཚོགས་པར་ཁྱོན་མི་གྲངས་1329ཡོད་པ་དང་། དེའི་ཁྲོད་ལུས་རྩལ་པ་886ཡོད། ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་ནང་། ཀྲུང་གོའི་ལུས་རྩལ་ཚོགས་པའི་སྤྱིའི་དམིགས་ཚད་ནི་ལུས་རྩལ་རྣམ་གྲངས་དང་བསམ་པའི་དཔལ་ཡོན་གཉིས་ཀར་གཡུར་ཟའི་གྲུབ་འབྲས་ཐོབ་པ་བྱ་རྒྱུ་དེ་ཡིན་པ་རེད།
རང་རྒྱལ་འདི་ཉིད་1974ལོར་ཨ་ཞི་ཡའི་ལུས་རྩལ་འགྲན་ཚོགས་ནང་ཐེངས་དང་པོར་ཞུགས་པ་ནས་ད་བར་སྐབས་12ཀྱི་ལུས་རྩལ་འགྲན་ཚོགས་དེའི་ནང་ཞུགས་མྱོང་ཡོད། 1982ལོའི་སྐབས་དགུ་པའི་ཨ་ཞི་ཡའི་ལུས་རྩལ་འགྲན་ཚོགས་ནས་བཟུང་། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པས་སྐབས་བཅུ་བསྟུད་མར་གསེར་གྱི་རྟགས་མའི་སྤྱི་འབོར་ཨང་དང་པོ་བླངས་ཡོད་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།