ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

གོ་ལའི་ཚེ་སྲོག་གཅིག་མཐུན་མ་ལག་ཆེད་བཏོན་པའི་ཀྲུང་གོའི་ཇུས་གཞི།

2023-05-23 11:25:00     责编:娜科

      སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས།  སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པ་དེས་སའི་གོ་ལའི་ཁྱིམ་གཞིས་སྲུང་སྐྱོང་བྱ་རྒྱུར་ཕན་ཐོགས་ཡོད་པ་དང་།  མིའི་རིགས་ཀྱི་རྒྱུན་མཐུད་གོང་འཕེལ་ལ་སྐུལ་འདེད་གཏོང་ཐུབ་ཅེས་གསུངས་གནང་ཡོད། སྤྱི་ཟླ་5ཚེས་22ཉིན་ནི“ཁུན་མིང་དང་མོང་ཐེ་ལིར་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྒྲོམ་གཞིར”གྲོས་འཆམ་བྱུང་བའི་རྗེས་ཀྱི་རྒྱལ་སྤྱིའི་སྐྱེ་དངོས་སྣ་མང་རང་བཞིན་ཉིན་མོ་དང་པོ་དེ་རེད།  ཉེ་བའི་ལོ་ཤས་ནང་།  རང་རྒྱལ་གྱིས་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་ལམ་བུར་བསྐྱོད་ཡོད་པ་དང་། སའི་གོ་ལའི་ཚེ་སྲོག་གཅིག་མཐུན་མ་ལག་མཉམ་དུ་གཏོད་ཆེད་ཀྲུང་གོའི་ཇུས་གཞི་དང་ཀྲུང་གོའི་ཉམས་མྱོང་མཁོ་འདོན་བྱས་ཡོད། 

      རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་གང་མགྱོགས་འཛུགས་སྐྲུན་བྱ་རྒྱུ་དེ་ནི་རང་རྒྱལ་གྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད།  རང་རྒྱལ་གྱི་ཁག་དང་པོར་བཙུགས་པའི་རྒྱལ་ཁབ་སྤྱི་གླིང་ལྔའི་གྲས་ཤིག་ཡིན་པའི་ཆ་ནས། ཝུའུ་དབྱི་ཧྲན་རྒྱལ་ཁབ་སྤྱི་གླིང་ནང་འཛམ་གླིང་ཁྱོན་གྱི་འཕྲེད་ཐིག་གཅིག་མཚུངས་ཡིན་པའི་ས་ཆའི་ཚ་ཁུལ་ཕལ་པའི་གདོད་མའི་རང་བཞིན་གྱི་ནགས་ཚལ་འབྱུང་ཁམས་མ་ལག་ཆ་ཚང་ཤོས་དང་། དམིགས་བསལ་ཆེ་ཤོས། རྒྱ་ཆེ་ཤོས་བཅས་ཉར་ཚགས་བྱས་ཡོད། གནས་དེར་བྱེད་བཞིན་པའི་སྐྱེ་དངོས་ཐོན་ཁུངས་ཀྱི་མ་གདན་བརྟག་དཔྱད་ལས་ཀྱང་བཀྲ་ཤིས་པའི་གཏམ་བཟང་གྲགས་ཡོད་དེ། འབུ་སྲིན་སྣ་རིགས་གསར་པ་དྲུག་སྔ་རྗེས་སུ་ཤེས་རྟོགས་བྱུང་ཡོད།  ཝུའུ་དབྱི་ཧྲན་རྒྱལ་ཁབ་སྤྱི་གླིང་ཚན་ཞིབ་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་ལག་རྩལ་ཆེ་མོ་བ་ཚའེ་པིན་གྱིས་ངོ་སྤྲོད་གནང་བར་གཞིགས་ན།  འབུ་སྲིན་སྣ་རིགས་གསར་པ་དྲུག་ཤེས་རྟོགས་བྱུང་བ་དེས་ཝུའུ་དབྱི་ཧྲན་རི་བོའི་འབུ་སྲིན་གྱི་ས་ཁམས་ཁྱབ་ཚུལ་མ་ལག་དང་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་པ་མ་ཟད། ད་དུང་མང་ཆེ་བ་ནི་ཆུའི་སྤུས་ཚད་ལེགས་མིན་ཤན་འབྱེད་པའི་མཛུབ་སྟོན་སྐྱེ་དངོས་རིགས་སུ་བརྩི་ཆོག་ཅེས་གསུངས་ཡོད། 

      སྐྱེ་དངོས་སྣ་མང་རང་བཞིན་གྱིས་སའི་གོ་ལར་གསོན་ཤུགས་རྒྱས་སུ་འཇུག་ཐུབ་ལ། དེ་ནི་མིའི་རིགས་ཀྱི་འཚོ་གནས་དང་གོང་འཕེལ་གྱི་རྨང་གཞི་ཡང་ཡིན། 《སྐྱེ་དངོས་སྣ་མང་རང་བཞིན་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་དུས་མཚམས་གཉིས་པའི་མཐོ་རིམ་གྲོས་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤིས་ཚིག་གསུངས་སྐབས། འབྱུང་ཁམས་དར་ན་དཔལ་ཡོན་དར། ང་ཚོས་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་ལྷན་དུ་སྐུལ་འདེད་གཏོང་དགོས་པ་དང་། སའི་གོ་ལའི་ཚེ་སྲོག་གཅིག་མཐུན་མ་ལག་མཉམ་དུ་བསྐྲུན་དགོས་ཤིང་།  དྭངས་གཙང་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་དུ་བསྐྲུན་དགོས་ཞེས་གསུངས་གནང་ཡོད།  

      ཉེ་བའི་ལོ་ཤས་ནང་།  རང་རྒྱལ་གྱིས་འབྱུང་ཁམས་དཔལ་ཡོན་འཛུགས་སྐྱོང་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལ་སྐུལ་འདེད་ཧུར་ཐག་བཏང་བ་བརྒྱུད།  སྟོངས་ལ་ཉེ་བའི་སྐྱེ་དངོས་རིགས་མང་དག་ཅིག་ལ་སྲུང་སྐྱོབ་ནུས་ལྡན་བྱས་ཡོད་པ་དང་།   འབྱུང་ཁམས་མ་ལག་གི་སྣ་མང་རང་བཞིན་དང་བརྟན་ལྷིང་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཆེ་རུ་ཟམ་མི་ཆད་པར་བཏང་ཡོད།  

      ཕན་འབྲས་ཆེ་བའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་དྲ་བ་དེས་སྐྱེ་དངོས་སྣ་མང་རང་བཞིན་གྱི་མཐིལ་རྟོགས་རྒྱུར་ནུས་པ་གལ་ཆེན་ཐོན་གྱི་ཡོད། ཧོ་ནན་ཞིན་དབྱང་ལའོ་ཧྲན་དུ་གནས་པའི་ཧོ་ནན་ཏུང་ཀྲའེ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་ཚན་ཞིབ་མི་སྣས་བྱེས་སུ་སྒོ་ང་རུམ་པའི་བྱ་ཀྲུའུ་ཧོན་གྱི་བྱིའུ་ཕྲུག་གི་རྐང་པར་འགྱིག་རྟགས་འདོགས་བཞིན་ཡོད། སྲུང་སྐྱོབ་ཁུལ་གྱི་བྱ་ཀྲུའུ་ཧོན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཧོང་ཀྲེ་ཞུའེ་ཡིས། འདི་ནི་འདབ་ཆགས་ཀྱི“ཐོབ་ཐང་ལག་ཁྱེར”རེད།  ད་ལྟ་ང་ཚོས་འཕེན་གཏོང་ཡོ་བྱད་ལ་བརྟེན་ནས་འདབ་ཆགས་ཀྱི་ཁྱབ་སྟངས་ལ་ཞིབ་འཇུག་བྱེད་བཞིན་ཡོད་ཅེས་གསུངས་ཡོད། 

     རང་རྒྱལ་གྱིས་ད་དུང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་བར་མཐོངས་རྣམ་པ་མུ་མཐུད་ལེགས་སུ་བཏང་ནས། སྐྱེ་དངོས་སྣ་མང་རང་བཞིན་གྱི་ས་ཆ་དེ་རང་གི་སྲུང་སྐྱོབ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བཞིན་ཡོད། 

     ཀོང་ཞི་ཧོ་ཕུའུ་རུའུ་ཀེན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་ལས་དོན་མི་སྣས་མི་ཐབས་ལ་བརྟེན་ནས་སྐྱེ་དངོས་འཕེལ་བར་བྱེད་པའི་བྱེད་ཐབས་སྤྱད་དེ་མཚོ་རྩྭའི་རྒྱ་མཚོའི་འབྱུང་ཁམས་མ་ལག་ཉམས་གསོ་བྱས་ནས། རུའུ་ཀེན་སོགས་རྒྱ་མཚོའི་རྩ་ཆེ་ལ་མཐོང་དཀོན་པའི་སྲོག་ཆགས་ལ་རྒྱུན་མཐུད་བརྟན་ལྷིང་གི་བཟའ་བཅའི་འབྱུང་ཁུངས་མཁོ་འདོན་བྱེད་ཀྱི་ཡོད། སྲུང་སྐྱོབ་ཁུལ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲང་ཧུང་ཁོའོ་ཡིས། ང་ཚོས་མུ་མཐུད་མཚོ་རྩྭ་ཕྱི་རོལ་དུ་སྤོས་འཛུགས་དང་ཕྱི་རོལ་གྱི་མཚོ་རྩྭའི་རྒྱ་ཁྱོན་ཆེ་རུ་བཏང་ནས་རིགས་ཁག་གི་རྒྱ་མཚོའི་སྐྱེ་དངོས་ལ་འཚོ་སྡོད་ཀྱི་ཁོར་ཡུག་བཟང་པོ་ཞིག་སྐྲུན་བཞིན་ཡོད་ཅེས་གསུངས་ཡོད། 

     འབྱུང་ཁམས་ཁོར་ཡུག་པུའུ་རང་བྱུང་འབྱུང་ཁམས་སྲུང་སྐྱོབ་སིའི་སི་ཀྲང་ཝང་ཀྲེ་པིན་གྱིས། རང་རྒྱལ་གྱིས་ལོ་དྲུག་བསྟུད་མར“ལྗང་ཕུབ”རང་བྱུང་སྲུང་སྐྱོབ་ས་ཆར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ཐོག རང་བྱུང་སྲུང་སྐྱོབ་ས་ཆའི་འབྱུང་ཁམས་ཁོར་ཡུག་ལ་གཏོར་སྐྱོན་གཏོང་བའི་སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་ཡོད། སྲུང་སྐྱོབ་ས་ཆར་ལྟ་སྐུལ་དོ་དམ་ནན་པོ་བྱས་པ་བརྒྱུད་དེ་གར་འཚོ་སྡོད་བྱེད་པའི་བྱེས་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོབ་ནུས་ལྡན་ཐུབ་ཡོད་པ་དང་། སྟོངས་ལ་ཉེ་བའི་བྱེས་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་མང་དུ་མངོན་གསལ་དོད་པོ་སོང་ཡོད། ང་ཚོས་ལྟ་སྐུལ་དོ་དམ་གྱི་ཕན་འབྲས་ཆེ་རུ་བཏང་ནས་རང་བྱུང་འབྱུང་ཁམས་ཀྱི་བདེ་འཇགས་མཐའ་ཐིག་མཐའ་གཅིག་ཏུ་སྲུང་རྒྱུ་ཡིན་ཞེས་ངོ་སྤྲོད་གནང་ཡོད།

     ད་ལོའི་རྒྱལ་སྤྱིའི་སྐྱེ་དངོས་སྣ་མང་རང་བཞིན་ཉིན་མོའི་བརྗོད་དོན་གཙོ་བོ་ནི་“གྲོས་མཐུན་ནས་རོགས་རེས་བྱེད་པའི་བར་ཏེ། སྐྱེ་དངོས་སྣ་མང་རང་བཞིན་སླར་གསོ་བྱེད”ཅེས་པ་དེ་ཡིན་ཞིང་། “ཁུན་མོང་སྒྲོམ་གཞི”དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བྱས་ཡོད། 《སྐྱེ་དངོས་སྣ་མང་རང་བཞིན་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་ཀྲུའུ་ཞི། འབྱུང་ཁམས་ཁོར་ཡུག་པུའི་པུའུ་ཀྲང་ཧོང་རུན་ཆིའུ་ཡིས། ཀྲུང་གོས་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པའི་ལས་གཞི་གལ་ཆེན་ལག་ལེན་ཡག་པོ་བསྟར་ཐོག ཕྱོགས་ཁག་དང་ལྷན་དུ་འབད་བརྩོན་གྱིས“ཁུན་མོང་སྒྲོམ་གཞིའི”དམིགས་ཚད་དོན་འཁྱོལ་ཐུབ་པ་དང་། COP15ཡི་ཚོགས་ཆེན་ཐོག་གཏན་ལ་ཕབ་པ་དག་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏོང་བ། འཛམ་གླིང་ཧྲིལ་པོའི་སྐྱེ་དངོས་སྣ་མང་བཞིན་སླར་གསོ་ཐུབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་སའི་གོ་ལའི་ཁྱིམ་གཞིས་མཉམ་སྐྲུན་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག སྐལ་བཟང་བདེ་སྐྱིད།

ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།

འཛམ་གླིང་སྐར་ཁུངས།

▶སུའུ་ཏན་གྱི་གདོང་ཐུག་ཁྲོད་ཉུང་མཐར་ཡང་མི་676རྐྱེན་ལམ་དུ་ཤོར་འདུག

སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་ཏེ་སུའུ་ཏན་དྲག་ཆས་དམག་དཔུང་དང་མྱུར་སྐྱོར་དཔུང་སྡེས་ཟླ་5པའི་ཚེས་11ཉིན་སོ་ཏི་ཨ་རབ་ཏུ་ཐོག་མའི་རྩ་དོན་གྲོས་མཐུན་ལ་མིང་རྟགས་བཀོད་ནས་དུས་ཐུང་དམག་མཚམས་འཇོག་རྒྱུའི་སྐོར་ལ་སྔོན་དུ་གྲོས་བསྡུར་བྱས་ཏེ། བྲེལ་མྱུར་མི་ཆོས་དངོས་ཟོག་སོགས་སྐྱེལ་འདྲེན་བྱེད་པར་སྟབས་བདེ་བསྐྲུན་རྒྱུར་མོས་མཐུན་བྱུང་ཡོད།

中央广播电视总台 央广网 版权所有

གོ་ལའི་ཚེ་སྲོག་གཅིག་མཐུན་མ་ལག་ཆེད་བཏོན་པའི་ཀྲུང་གོའི་ཇུས་གཞི།

ད་ལོའི་རྒྱལ་སྤྱིའི་སྐྱེ་དངོས་སྣ་མང་རང་བཞིན་ཉིན་མོའི་བརྗོད་དོན་གཙོ་བོ་ནི་“གྲོས་མཐུན་ནས་རོགས་རེས་བྱེད་པའི་བར་ཏེ། སྐྱེ་དངོས་སྣ་མང་རང་བཞིན་སླར་གསོ་བྱེད”ཅེས་པ་དེ་ཡིན་ཞིང་།