དུས་རབས་གསར་པའི་རྒྱལ་ས་སྤུས་ཚད་མཐོ་པོའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ།
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། འབོར་ཚད་ཉུང་གཏོང་གོང་འཕེལ་གཏོང་མཁན་ཚད་བརྒལ་གྲོང་ཁྱེར་ཞིག་ཡིན་པའི་ངོས་ནས། ལོ་གསར་པའི་ནང་པེ་ཅིང་འདི་ཉིད་གོང་འཕེལ་གྱི་རྣམ་པ་གསར་པར་ཇི་ལྟར་བྱས་ནས་མཉམ་འདྲེས་ཡོང་བ་བྱེད་དགོས་སམ། སླད་ཕྱིན་གྱི་སྤུས་ཚད་མཐོ་བའི་གོང་འཕེལ་ཇུས་འགོད་ཇི་ལྟར་བྱེད་དགོས་སམ། དེའི་ཐད་པེ་ཅིང་གྲོང་ཁྱེར་གྱི་ལས་ཚབ་གྲོང་སྤྱི་དབྱིན་ཡུང་ལ་བཅར་འདྲི་ཞུས་པའི་ནང་དོན་བཀོད་སྒྲིག་ཞུས་ཡོད།
འདས་མ་ཐག་པའི་སྤྱི་ལོ་༢༠༢༢ལོར། པེ་ཅིང་གྲོང་ཁྱེར་གྱིས་ཕན་འབྲས་ཆེན་པོས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་སྤྱི་འདོམས་བྱས་ནས་མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་ལས་བཟོ་ཡོངས་ཀྱི་ངལ་རྩོལ་ཐོན་སྐྱེད་བྱེད་ཚད་མུ་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། དབྱིན་ཡུང་གིས། ལོ་གསར་པའི་ནང་པེ་ཅིང་གྲོང་ཁྱེར་གྱིས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་རྩ་དོན་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་པའི་རྒྱལ་སའི་གོང་འཕེལ་སྤྱི་འདོམས་སུ་བྱས་ནས། དོན་ཆེན་ལྔ་མཉམ་འགུལ་ཞབས་ཞུ་དང་གོང་འཕེལ་ཀྱི་རྣམ་པ་གསར་པར་མཉམ་འདྲེས་བྱ་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། སྔོན་ལ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་ཆེད་གོམ་སྟབས་བརྟན་པོ་སྤོ་རྒྱུ་ཡིན་ཞེས་གསུངས་ཡོད།
དབྱིན་ཡུང་གིས། ལོ་གསར་པའི་ནང་པེ་ཅིང་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་ཚན་རྩལ་ལ་བརྟེན་ནས་རང་ཚུགས་རང་འཕེལ་ལ་ཞབས་འདེགས་ཞུ་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲིར་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ནས་འཛམ་གླིང་གི་ཚན་རིག་ལྟེ་གནས་དང་གསར་གཏོད་ཀྱི་མཐོ་ས་གཙོ་བོ་སྐྲུན་མགྱོགས་སུ་གཏོང་རྒྱུ་རེད། ཐོན་གསར་པའི་ཆ་འཕྲིན་ལག་རྩལ་དང་། འདུས་གྲུབ་གློག་ལམ། སྐྱེ་དངོས་སྨན་རྫས་བཅས་ཐོན་ལས་ཆེན་པོ་གསུམ་ལ་གཅིག་འདུས་བྱས་ཏེ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་གོང་འཕེལ་ཀྱི་ནུས་རིམ་མཐོ་རུ་གཏོང་རྒྱུ་དང་། ཚན་སློབ་ཀྱི་ཐོན་ཁུངས་བཟང་ཆ་འདོན་སྤེལ་གང་ལེགས་བྱེད་པ། འཛམ་གླིང་གི་རྩེར་སོན་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་གྲོང་ཁྱེར་ཧུར་ཐག་གཏོད་རྒྱུ་རེད། དེ་དང་ཆབས་ཅིག་ཀྲུང་ཀོན་ཚུན་དུ་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པའི་སྒྱུར་བཅོས་ལ་སྐུལ་མ་གཏིང་ཟབ་བཏང་ནས། འཛམ་གླིང་གི་སྔོན་ཐོན་ཚན་རྩལ་གླིང་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ་རེད་ཅེས་གསུངས་ཡོད།
སྒྱུར་བཅོས་སྒོ་དབྱེ་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ། ཁྲོམ་རའི་སེམས་ཤུགས་ཆེ་རུ་གཏོང་རྒྱུ་ནི་འདི་ལོའི་གཙོ་གནད་ལས་འགན་ཞིག་རེད། དབྱིན་ཡུང་གིས། པེ་ཅིང་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་ཞབས་ཞུའི་ལས་རིགས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་ཁུལ་དང་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་བསྐྲུན་རྒྱུར་དམིགས་ཏེ་སྒྲིག་སྲོལ་དང་། དོ་དམ། ཚད་གཞི་སོགས་ལམ་ལུགས་རྣམ་པའི་སྒོ་དབྱེའི་ཁྱབ་ཁོངས་སུ་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པའི་སྒྱུར་བཅོས་དེ་བས་མང་བ་བྱ་རྒྱུ་དང་ཆབས་ཅིག ནུས་ཤུགས་དེ་བས་ཆེ་བ་བཏོན་ནས་ཚོང་གཉེར་ཁོར་ཡུག་སྒྱུར་བཅོས་དང་ལེགས་སུ་གཏོང་རྒྱུ་རེད་ཅེས་གསུངས་ཡོད།