ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་གྲོང་གསེབ་གློག་སྤྱོད་ལས་དོན་པུས། གློག་ཤུགས་མཁའ་ལམ་གསར་པ་བཏོད་དེ་དུད་ཚང་ ཁྲི་སྟོང་མང་པོར་བདེ་སྐྱིད་སྦྱིན་པ།

2021-02-24 14:53:00     责编:sangjzm

2020ལོའི་ཟླ་12ཚེས་4ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་པར། རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིའི་མངའ་རིས་དང་བོད་དབུས་ཀྱི་གློག་དྲ་དྲ་སྦྲེལ་ལས་གྲྭ(གཤམ་ལ“མངའ་རིས་དྲ་སྦྲེལ་ལས་གྲྭ”ཞེས་བསྡུ་རྒྱུ)འཁོར་སྐྱོད་བྱས་པ་དངོས་སུ་ཁྱབ་བསྒྲགས་བྱས་ནས། གཞིས་རྩེའི་ནུབ་རྒྱུད་དང་མངའ་རིས་ས་ཁུལ་གྱི་གློག་དཀོན་པའི་གནད་དོན་ཐག་གཅོད་ཐུབ་ཡོད།

2016ལོ་ནས་བཟུང་། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་རིམ་རྩིས་བརྒྱབ་ན་གློག་དྲར་མ་དངུལ་སྒོར་དུང་ཕྱུར་494བཏང་བ་དང་། ལས་གྲྭའི་འཛུགས་སྐྲུན་པ་ཁྲི་10ལྷག་ཙམ་གྱིས་སྔ་རྗེས་སུ་མཚོ་བོད་དང་། ཁྲོན་བོད། བོད་དབུས། མངའ་རིས་བཅས“གློག་ཤུགས་མཁའ་ལམ”4བསྐྲུན་ནས་བོད་ཀྱི་དུད་ཚང་ཁྲི་སྟོང་མང་པོར་བློ་བདེའི་གློག་སྤྱོད་རྒྱུ་བྱུང་ཡོད།

འཛུགས་སྐྲུན། ལ་ཀླུང་བརྒལ་ནས་མཁའ་ལམ་བསྐྲུན་པ།

རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཆབ་མདོ་ཀུང་སིའི་ལས་མི་ཞུའེ་ཧྥུང་གིས་ད་ལྟའང་གསལ་པོར་དྲན་པ་སྟེ། 2017ལོའི་དགུན་ཁར་སྟེང་ཆེན་རྫོང་དུ་རྒྱལ་ཁབ་ཀྱི་གློག་དྲ་མཐུད་པའི་ཉིན་དེར་སྟེང་ཆེན་རྫོང་གི་རྫོང་གྲོང་གི་ལམ་སྒྲོན་མཚན་གང་ཁྲ་ལྷམ་མེར་སྦར་བ་དང་གློག་འོད་ལ་བརྟེན་ནས་སྐྱ་རེངས་བསུས། ཉིན་དེར་ཁོང་དང་ཆབ་མདོ་གློག་ཤུགས་ཀུང་སིའི་ལས་དོན་པ་སྟེང་ཆེན་དུ་བསྐྱོད་དེ་ཉིན་གཅིག་གི་དུས་ཚོད་ལ་སྙོམ་སྒྲིག་ཚོད་ལྟ་དང་ཞིབ་དཔྱད་ཚད་ལེན་བྱས་མཐར་ཉིན་དེ་རང་དུ་གློག་ཤར་གཏོང་ཐུབ་ཡོད།

“མངའ་རིས་ནི་ལམ་ཐག་རིང་བ་དང་། ནག་ཆུ་ནི་དཀའ་ཚེགས་ཆེ་བ། ཆབ་མདོ་ནི་ཉེན་ཁ་ཆེ་བ་བཅས་རེད”ཆབ་མདོར་རི་མཐོ་ལ་གཡང་གཟར་བ་དང་འགྲོ་ལམ་ཉེན་ཁ་ཧ་ཅང་ཆེན་པོ་ཡོད། ཞེང་ཚད་ལ་སྨི་འགའ་ཤས་ལས་མེད་པའི་རི་ལམ་གྱི་གཞོགས་གཅིག་ནི་ནམ་མཁའ་འདེགས་པའི་རི་བོའི་མུ་འཁྱུད་དང་། གཞོགས་གཅིག་ཤོས་ནི་མཐིལ་མཐོང་རྒྱུ་མེད་པའི་གཡང་ས་རེད། ས་དབྱིབས་དེ་འདྲར་གློག་དྲ་འཛུགས་སྐྲུན་བྱེད་པར་དཀའ་ཚེགས་ཧ་ཅང་ཆེན་པོ་ཡོད། སྟེང་ཆེན་དང་། ལྷོ་རོང་། དཔལ་འབར་བཅས་ནི་ཆབ་མདོ་གྲོང་ཁྱེར་གྱི་གློག་དྲ་མཇུག་ཤོས་མཐུད་པའི་རྫོང་ཡིན་པ་དང་། དེ་གོང་རྫོང་གྲོང་གི་གློག་མཁོ་འདོན་འགན་ལེན་ནི་གཙོ་བོ་ཆུ་གློག་དང་། འོད་ཤུགས། གློག་འདོན་འཕྲུལ་ཆས་ཆུང་གྲས་བཅས་ཡིན་པ་རེད།

“ཆབ་མདོར་དགུན་དུས་གངས་ཆེན་པོ་བབས་པ་དང་། འགྲོ་ལམ་ལ་འཁྱག་པ་ཐེབས་ནས་ལས་གྲྭའི་འཕྲུལ་ཆས་སྣ་ཚོགས་བེད་སྤྱོད་བྱེད་ཐབས་བྲལ། དེར་བརྟེན། ང་ཚོར་དངོས་སུ་ཨར་ལས་ཆོག་པའི་དུས་ཡུན་ཟླ་5ནས་8བར་ལས་མེད”ཅེས་ཞུའེ་ཧྥུང་གིས་གསར་འགོད་པར་བརྗོད།

ལ་ཀླུང་བརྒལ་བ་ནི་རྣམ་གྲངས་འཛུགས་སྐྲུན་གྱི་རྒྱུན་རྣམ་ཞིག་རེད། གང་ལགས་ཤེ་ན། འགྲོ་ལམ་མེད་པས་འཛུགས་སྐྲུན་རྒྱུ་ཆ་སྐབས་རེ་ཆེད་ལས་རི་འཛེག་རུ་མི་གདན་དྲངས་ནས་ལས་གྲྭ་འཛུགས་སྐྲུན་ལ་ཞུགས་དགོས་པས་རེད། ལམ་ངོས་ཀྱི་གློག་ཤུགས་ལྕགས་སྒྲོམ་ཞིག་སྒྲིག་སྦྱོར་བྱེད་པར་རྟག་ཏུ་གཞུང་ལམ་ནས་ཐོན་ཏེ་རྐང་ཐང་མར་སྐར་མ་40ནས་ཆུ་ཚོད་གཅིག་ལྷག་ཙམ་བསྐྱོད་ཚེ་གཞི་ནས་འབྱོར་གྱི་ཡོད་པ་དང་། ས་ཆ་འགའ་ཤས་སུ་ཐ་ན་འབྲེང་ཐག་བརྒྱུད་གཙང་པོ་སྒྲོལ་དགོས་ཀྱི་ཡོད།

བསྡོམས་རྩིས་བརྒྱབ་པར་གཞིགས་ན། བོད་ཀྱི་གློག་ཤུགས་གཙོ་བོ་2015ལོའི་ལོ་མཇུག་ཏུ་རྫོང་58ལ་མ་གཏོགས་ཁྱབ་མེད་པ་དང་། གློག་ཤུགས་མཁོ་འདོན་བྱས་པའི་མི་འབོར་ཁྲི་218.4ལས་ཟིན་མེད། 2020ལོའི་ལོ་མཇུག་ཏུ་ལྗོངས་ཡོངས་ཀྱི་རྫོང་74ལ་ཁྱབ་པ་དང་གློག་ཤུགས་མཁོ་འདོན་མི་འབོར་ཁྲི་330ཙམ་ཟིན་པ་དེས་ལྗོངས་ཡོངས་ཀྱི་མི་འབོར་བསྡོམས་འབོར་གྱི་97%ཟིན་ཡོད།

དམངས་འཚོ། འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་སྐྱིད་དུ་སོང་བ།

“སྔོན་ཆད་ཁྱིམ་དུ་བརྙན་འཕྲིན་བལྟས་ནས་སྡོད་རྒྱུ་ནི་མཐོང་དཀོན་པའི་བྱ་བ་ཞིག་རེད”འདི་ལོ་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་མཉམ་དུ་འཁེལ་ཞིང་། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་པད་ནག་གྲོང་ཚོའི་གྲོང་མི་ཁྱི་སྐྱག་གི་ནང་མི་རྣམས་མཉམ་འཛོམས་བྱས་ཏེ་དགའ་དགའ་སྤྲོ་སྤྲོའི་ངང་དཔྱིད་གསར་གྱི་མཉམ་སྤྲོའི་དགོང་ཚོགས་ལྟ་བཞིན་ཡོད། འོན་ཀྱང་ལོ་ཤས་ཀྱི་གོང་དུ། ཁོང་ཁྱིམ་གྱིས་ཤུགས་ཚད་ཆེ་བའི་ཤེལ་ཏོག་བསྒར་ཕོད་ཀྱི་མེད། གང་ལགས་ཤེ་ན། “གློ་བུར་དུ་གློག་ཆད་པ་དང་། དེ་ནས་གློག་སླེབས་རྗེས་གློག་ཆས་འཚིག་པའི་སེམས་ཁྲལ་ཆེན་པོ་ཡོད་པས། སྔོན་ཆད་ཁྱིམ་སྤྱོད་གློག་ཆས་ཉོ་ཕོད་ཀྱི་མེད”

མ་གཞི་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་ས་དང་བར་ཐག་ཉེ་པོ་ཡོད་མོད། འོན་ཀྱང་སྟག་རྩེ་ཆུས་ཀྱི་ས་ཆ་མང་པོ་ཞིག་ཏུ་སྔོན་ཆད་གློག་སྤྱོད་ཐད་དཀའ་ངལ་ཆེན་པོ་ཡོད་པ་རེད། “གློག་སྐུད་ཡག་པོ་མེད་པ་ནི་གྲོང་གསེབ་ཀྱི་གློག་ཤུགས་འཕེལ་རྒྱས་ཀྱི་འཇུར་མིག་ཆེན་པོ་ཞིག་རེད”སྟག་རྩེ་གློག་ཤུགས་ཀུང་སིའི་དབོར་བཤེར་པུའི་ཀྲུའུ་རེན་ཧན་གོ་ཆང་གིས། “2016ལོར་སྟག་རྩེའི་ཤར་རྒྱུད་ཀྱི་ཤང་ཁག་ཏུ་ཧ་ལམ་ཉིན་ལྟར་གློག་སྒོ་ཟགས་ནས་ང་ཚོས་ཞོགས་པ་ཞིབ་བཤེར་བཟོ་བཅོས་བྱེད་པར་ཕྱིན་པ་དང་། ཉིན་གུང་ཚུར་ལོག་རྗེས་སླར་ཡང་སྐྱོན་ཤོར་ནས་ཕྱི་དྲོ་མུ་མཐུད་བཟོ་བར་འགྲོ་གི་ཡོད”ཅེས་བརྗོད།

གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་བྱས་པ་བརྒྱུད། སྟག་རྩེའི་མང་ཚོགས་རྣམས་ཀྱི་གློག་ཡང་སེ་ཆད་པའི་སེམས་ཁྲལ་རྦད་དེ་བསལ་བ་མ་ཟད། ཤུགས་ཚད་ཆེ་བའི་ཁྱིམ་སྤྱོད་གློག་ཆས་འགའ་ཤས་ཀྱང་བློ་བདེ་པོའི་ངང་སྤྱོད་རྒྱུ་བྱུང་ཡོད།

གློག་དྲ་སྒྱུར་བཀོད་བྱས་ནས་ཉིན་ཁ་ཤས་ལས་སོང་མེད་རུང་། ཁྱི་སྐྱག་གིས་ཆེད་མངགས་གློག་ཆས་གསར་པ་ཁག་གཅིག་ཉོས་པ་སྟེ་གློག་ཆས་དང་པོ་དེ་ཇ་བསྲུབས་འཕྲུལ་ཆས་རེད། ལོ་གསར་གཏོང་རིང་འཕྲུལ་ཆས་དེ་ཇ་བསྲུབས་མ་བཟོ་བའི་ལག་ཆ་གལ་ཆེན་དུ་གྱུར་ཡོད། “དེ་སྔའི་མདོང་མོ་དང་བསྡུར་ན་ངལ་ནུས་གྲོན་ཆུང་ཐུབ་པ་མ་ཟད། ལས་ཕྱོད་ཀྱང་ཆེན་པོ་ཐོན་གྱི་འདུག”

དེས་མ་ཚད་གྲོང་གསེབ་ཏུ་གློག་སྐུད་ཁྲིད་སྐབས་ཁྱི་སྐྱག་གིས་ད་དུང་ལས་གྲྭའི་རྣམ་གྲངས་སུ་ལས་ཀ་བྱེད་པར་བསྐྱོད་ཅིང་། གློག་ཤིང་འཛུགས་པ་དང་། གློག་ཤིང་ཐོག་འཛེགས་པ། གློག་སྐུད་དབོར་བ་སོགས་བྱས་ནས་ཟླ་བ་འགའ་ཤས་རིང་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་རྗེས་ཁྱི་སྐྱག་ལ་ཡོང་འབབ་སྒོར་ཁྲི་གཅིག་ལྷག་ཙམ་བྱུང་ཡོད།

2016ལོ་ཚུན་དུ་བོད་ཀྱིས་གློག་དྲའི་ལས་གྲྭའི་འཛུགས་སྐྲུན་ཁྲོད་ཡུལ་དེའི་ཞིང་འབྲོག་ལས་མི་ཧུར་ཐག་སྤྱད་པས་ཡུལ་དེའི་ཞིང་འབྲོག་པར་འབབ་འཕར་སྒོར་དུང་ཕྱུར་13.18ཟིན་པ་དང་རིམ་རྩིས་བྱས་ན་ཡུལ་དེའི་ལས་མི་མི་ཐེངས་ཁྲི་147.47སྤྱད་ཡོད། 2020ལོ་ཁོ་ནར་བོད་ཀྱི་གློག་ཤུགས་འཛུགས་སྐྲུན་གྱིས་ཡུལ་དེའི་ཞིང་འབྲོག་པར་འབབ་འཕར་སྒོར་དུང་ཕྱུར་2.93ཡོང་བའི་སྐུལ་ཁྲིད་བྱས་ཡོད།

ཐོན་ལས། འཕེལ་རྒྱས་ལ་སྒུལ་ནུས་གསར་པ་བསྣན་པ།

བོད་རང་སྐྱོང་ལྗོངས་སུ་རྒྱལ་ཁབ་ཀྱི་གློག་དྲ་མཇུག་ཤོས་ཁྲིད་པའི་ས་ཁུལ་མངའ་རིས་ཀྱི་རྫོང་ཁག་ལ་ལོ་འཁོར་མོར་གློག་ཤུགས་མི་འདང་བའི་འགོག་རྐྱེན་འཕྲད་ནས་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་དང་ཐོན་ལས་ཐོན་ཁུངས་བསྲུང་བར་སེམས་ཁྲལ་ཆེན་པོ་བཟོས་ཡོད།

“རྟག་ཏུ་གློག་ཆད་པས་མགྲོན་ཁང་གི་གཉེར་སྐྱོང་མ་གནས་མཐོ་བ་མ་ཟད། ད་དུང་གཞི་ཁྱོན་ཆེ་རུ་གཏོང་ཐབས་བྲལ”ཞེས་གཞིས་རྩེ་གྲོང་ཁྱེར་ས་དགའ་རྫོང་མགྲོན་ཁང་གི་ཅིང་ལི་ཟླ་བ་བུ་ཁྲིད་ཀྱིས་བརྗོད། རྒྱལ་ལམ་219རྒྱུད་ཀྱི་བརྒྱུད་འཁོར་ས་ཚིགས་གལ་ཆེན་ཞིག་ཡིན་པའི་ངོས་ནས་ས་དགའི་ཡུལ་སྐོར་ཐོན་ལས་དར་བ་དང་རྫོང་གྲོང་དུ་མགྲོན་ཁང་མང་པོ་གཉེར་མོད། འོན་ཀྱང་རྫོང་ཡོངས་ཀྱིས་ཆུ་གློག་ལ་བརྟེན་ནས་གློག་གཏོང་དགོས་པས་རྫོང་གྲོང་གི་མགྲོན་ཁང་གིས་གློག་འདོན་འཕྲུལ་ཆས་རང་གྲབས་བྱེད་དགོས་ཀྱི་ཡོད། གློག་ཤུགས་བརྟན་པོ་ཡོད་མེད་ལ་མི་བལྟོས་པར་ཉིན་གཅིག་ནང་འབར་སྣུམ་གྱི་འགྲོ་གྲོན་ལ་སྒོར་གཅིག་སྟོང་ནས་གཉིས་སྟོང་བར་འགྲོ་གི་ཡོད་པ་རེད།

མངའ་རིས་ཀྱི་དྲ་སྦྲེལ་འདུ་འགོད་སྤྱོད་འགོ་ཚུགས་པ་དང་སྦྲགས་གློག་ཤུགས་ནི་འཇུར་མིག་གི་གནད་དོན་ཞིག་མིན་པར། མགྲོན་ཁང་གི་གཉེར་སྐྱོང་མ་གནས་ཆུང་དུ་ཤུགས་ཆེན་ཕྱིན་ནས་ས་དགའ་རྫོང་གི་མགྲོན་ཁང་མི་ཉུང་བ་ཞིག་གི་སྦྱིན་བདག་གིས་གཅིག་རྗེས་གཉིས་མཐུད་ངང་གཞི་ཁྱོན་ཆེ་རུ་གཏོང་རྩིས་བྱེད་ཀྱི་ཡོད།

རུ་ཐོག་རྫོང་རུ་ཐོག་གྲོང་ཚོའི་རྩམ་པ་ལས་སྣོན་བཟོ་གྲྭར་སྐྱོད་སྐབས་འཕྲུལ་འཁོར་གྱི་སྒྲ་འུར་འུར་དུ་ཐོས་འོང་། ད་ཆ་བཟོ་གྲྭའི་རྩམ་པ་ཐོན་སྐྱེད་ཚང་མ་གློག་ཤུགས་ལ་བརྟེན་པ་སྟེ་བཀྲུ་བ་དང་། བརྔོ་བ། འཐག་པ། ཐུམ་སྒྲིལ་བཅས་བརྒྱུད་རིམ་ཚང་མ་འཕྲུལ་ཆས་ལ་བརྟེན་ནས་ཐོན་སྐྱེད་བྱེད་ཀྱི་ཡོད།

“ད་ཆ‘གློག་དྲ་ཆེ་མོ’ཤར་གཏོང་ཐུབ་ནས་ཐོན་སྐྱེད་དེ་བས་བརྟན་དུ་སོང་བ་དང་མ་གནས་ཆུང་དུ་ཕྱིན་ཡོད’ཅེས་རྩམ་པ་བཟོ་གྲྭའི་ཁྲང་ཀྲང་ཕུན་ཚོགས་ཚེ་རིང་གིས་བརྗོད། མིག་སྔར་རུ་ཐོག་གྲོང་ཚོའི་རྩམ་པ་དང་། བོད་ཕག བལ་བཅས་ལས་སྣོན་བཟོ་གྲྭས་ཀྱང་དབང་པོ་སྐྱོན་ཅན་དང་དུད་ཚང་དབུལ་པོའི་ལས་མི་30བསྡུས་ནས། ཁོང་ཚོ་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་པ་བྱས་ཡོད།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

中央广播电视总台 央广网 版权所有

རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་གྲོང་གསེབ་གློག་སྤྱོད་ལས་དོན་པུས། གློག་ཤུགས་མཁའ་ལམ་གསར་པ་བཏོད་དེ་དུད་ཚང་ ཁྲི་སྟོང་མང་པོར་བདེ་སྐྱིད་སྦྱིན་པ།

2020ལོའི་ཟླ་12ཚེས་4ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་པར། རྒྱལ་ཁབ་གློག་དྲ་ཚད་ཡོད་ཀུང་སིའི་མངའ་རིས་དང་བོད་དབུས་ཀྱི་གློག་དྲ་དྲ་སྦྲེལ་ལས་གྲྭ(གཤམ་ལ“མངའ་རིས་དྲ་སྦྲེལ་ལས་གྲྭ”ཞེས་བསྡུ་རྒྱུ)འཁོར་སྐྱོད་བྱས་པ་དངོས་སུ་ཁྱབ་བསྒྲགས་བྱས་ནས། གཞིས་རྩེའི་ནུབ་རྒྱུད་དང་མངའ་རིས་ས་ཁུལ་གྱི་གློག་དཀོན་པའི་གནད་དོན་ཐག་གཅོད་ཐུབ་ཡོད།