ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

༼དབུལ་སྒྲོལ་འགག་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ༽དབུལ་སྐྱོར་དང་རིག་སྐྱོར་བློ་སྐྱོར་གཉིས་ཟུང་འབྲེལ་བྱེད་དགོས།

2020-01-13 10:18:00     责编:卓玛才让

ད་ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བའི་དམིགས་འབེན་མངོན་འགྱུར་ཐུབ་པ་བྱེད་པའི་ལོ་ཡིན་ལ། དབུལ་སྒྲོལ་འགག་གཏོར་མཇུག་བསྡུ་བའི་ལོ་ཡང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་སྔོན། དབུལ་སྒྲོལ་འགག་གཏོར་ག་ཚོད་ཀྱི་ཛ་དྲག་པ་ཡོད་ན། དེ་ཚོད་ཀྱིས་རྒྱལ་ཁ་ཐོབ་ངེས་ཡིན་པའི་སེམས་ཤུགས་བརྟན་པོ་འཛུགས་པ་དང་། ངར་ཤུགས་གཅིག་སྒྲིལ་བྱེད་པའི་ཆོད་སེམས་ཡོད་པ། བློ་རྩེ་གཅིག་ཏུ་སྒྲིམས་ནས་དམག་འཐབ་རྒྱག་པ་དང་དཀའ་བ་གདོང་ལེན་བྱེད་པ། དངོས་འཛིན་དངོས་འཐབ་དང་། གནད་འཕིགས་ཇུས་འདོན་བཅས་བྱས་ནས་དབུལ་སྒྲོལ་འགག་གཏོར་གྱི་ལས་འགན་དུས་ཐོག་ཏུ་ལེགས་འགྲུབ་ཐུབ་པ་བྱེད་དགོས་ཞེས་བསྟན་གནང་ཡོད། དམིགས་བསལ་ཇུས་འགོད་ལེ་ཚན་དབུལ་སྒྲོལ་འགག་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་ཞེས་པ་ལས། དེ་རིང་དབུལ་སྐྱོར་དང་རིག་སྐྱོར་བློ་སྐྱོར་གཉིས་ཟུང་འབྲེལ་བྱེད་དགོས་ཞེས་པ་གཏོང་སྤེལ་ཞུ་རྒྱུ་ཡིན།

སྤྱི་ལོ་2015ལོའི་ཟླ་11པར་སྐོང་འཚོགས་བྱས་པའི་ཀྲུང་དབྱང་དབུལ་སྐྱོར་གསར་སྤེལ་ལས་དོན་གྲོས་ཚོགས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ནང་གནས་སྟོབས་ཤུགས་སྐུལ་སྤེལ་དང་། དབུལ་ཕོངས་ས་ཁུལ་དང་དབུལ་ཕོངས་མི་འབོར་གྱི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱེད་དགོས། སེམས་ཤུགས་ཡོད་ན། ས་སེར་གསེར་ལ་འགྱུར་ཐུབ། མི་དབུལ་ཡང་བློ་དབུལ་མི་རུང་། དབུལ་སྐྱོར་བྱས་ན་སྔོན་ལ་བློ་སྐྱོར་བྱེད། མི་ལས་མཐོ་བའི་རི་མེད་ལ། རྐང་པ་ལས་རིང་བའི་ལམ་མེད། དབུལ་ཕོངས་ས་ཁུལ་གྱི་ལས་བྱེད་མང་ཚོགས་ཚོར་དྲིལ་བསྒྲགས་དང་། སློབ་གསོ། གསོ་སྦྱོང་། སྒྲིག་འཛུགས་བཅས་ལེགས་པོ་བྱས་ནས། ཁོང་ཚོ་སྐུལ་སློང་བྱེད་པ་དང་། ཁོང་ཚོར་དཀའ་བ་སྤྱོད་དགོས་ཐུག་ནའང་སྡུག་པོ་མྱོང་མི་དགོས་པའི་འདུ་ཤེས་འཇགས་སུ་འཇུག་རྒྱུ་དང་། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ། དཀའ་སྤྱད་ལས་བརྩོན་བཅས་བྱས་ནས་དབུལ་ཕོངས་དང་རྗེས་ལུས་ཀྱི་རྣམ་པར་འགྱུར་ལྡོག་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ན་ནིང་ཟླ་བ་9པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཧེ་ནན་ཞིང་ཆེན་ཀོང་ཧྲན་རྫོང་དུ་རྟོག་ཞིབ་གནང་སྐབས། དབུལ་སྐྱོར་དང་རིག་སྐྱོར་བློ་སྐྱོར་གཉིས་ཟུང་འབྲེལ་བྱེད་དགོས་ཞེས་ཡང་བསྐྱར་ནན་སྟོན་གནང་ཡོད། ཁོང་གིས། རང་ཉིད་ནས་དབུལ་སྐྱོར་བྱེད་པར་གཅིག་ནས་རིག་སྐྱོར་བྱེད་པ་དང་། གཉིས་ནས་བློ་སྐྱོར་བྱེད་དགོས་ཞེས་རྟག་ཏུ་ནན་བཤད་བྱེད་ཀྱི་ཡོད། དེ་ལས་གཅིག་ནི་རིག་སྟོབས་དང་། གཅིག་ནི་སྙིང་སྟོབས་རེད། གོ་སྐབས་སྤྲོད་པ་ཁོ་ན་མིན་པར། ད་དུང་གོ་སྐབས་གསར་སྐྲུན་བྱེད་པའི་སྒྲིག་གཞི་འཛུགས་སྐྱོང་བྱེད་དགོས། དབུལ་སྒྲོལ་ཐུབ་རྗེས་འཚོ་བའི་ཆུ་ཚད་མུ་མཐུད་གོང་མཐོར་གཏོང་དགོས། ཁྱེད་ཚོས་རང་སྟོབས་རང་སྤེལ་དང་། ཡར་ཐོན་ལྷུར་ལེན་བྱེད་དགོས། རང་ཉིད་དབུལ་སྒྲོལ་ཐུབ་རྒྱུ་ཁོ་ན་ཙམ་མིན་པར། ད་དུང་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྣེ་ཁྲིད་མི་སྣར་འགྱུར་བ་བྱེད་དགོས། ཏང་གི་སྲིད་ཇུས་ལེགས་པོ་ཡོད་པས། དེ་དག་ཁྱེད་ཚོས་ལག་བསྟར་བྱ་རྒྱུར་ཐུག་ཡོད། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལེགས་པོ་བྱས་ནས། སྟོབས་ཆེའི་དམག་འཐབ་མཁར་རྫོང་ལ་འགྱུར་བ་བྱས་ཐོག མང་ཚོགས་ཚོས་ནམ་ཡང་ཏང་གི་རྗེས་སུ་འབྲངས་རྒྱུར་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། ཏང་ཀྲུང་དབྱང་གིས་བཏོན་པའི་གལ་ཆེའི་ལས་འགན་དག་གཞི་རིམ་གྱི་ཞིབ་ཕྲའི་ལས་དོན་ཐོག་དོན་འཁྱོལ་ཐུབ་པ་བྱས་ནས། དམ་འཛིན་བརྟན་པོ་དང་། དམ་འཛིན་ལེགས་པོ། ཕན་འབྲས་ཐོན་པ་བཅས་བྱ་དགོས་ཞེས་གསུངས་ཡོད།

དབུལ་སྐྱོར་བྱེད་པར་སྔོན་ལ་བློ་སྐྱོར་བྱེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། གནད་འཕིགས་འབུལ་སྐྱོར་གྱི་འདུ་ཤེས་བཏོན་གནང་སའི་ཧུའུ་ནན་ཤང་ཞི་ཐུ་ཅ་རིགས་མེའོ་རིགས་རང་སྐྱོང་ཁུལ་ཧྲེ་པ་ཏུང་གྲོང་ཚོས། ལོ་ངོ་དྲུག་ལྷག་ཙམ་གྱི་རིང་། གསར་གཏོད་བྱས་པ་བརྒྱུད་མང་ཚོགས་ཀྱི་བསམ་བློ་ཀུན་སྤྱོད་རྩེ་གྲ་ཅན་དུ་དོ་དམ་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། ཀུན་སྤྱོད་བཤད་ཁྲིད་དང་། གླུ་ལེན་གར་འཁྲབ། མེའོ་རིགས་ཀྱི་རྔ་རྡུང་སོགས་ཕུན་སུམ་ཚོགས་པའི་རིག་གནས་བྱེད་སྒོ་སྤེལ་ནས། ཧྲེ་པ་ཏུང་གྲོང་ཚོས་འདས་པའི་དུས་ཚོད་ནང་དབུལ་སྒྲོལ་བྱེད་སྐབས་སྒུག་བརྟེན་སློང་གསུམ་ལ་བརྟེན་པའི་བསམ་བློའི་འདུ་ཤེས་ལ་རིམ་བཞིན་འགྱུར་ལྡོག་བྱུང་ཡོད། དེའི་ཁྲོད། ཁྱད་ལྡན་དཔལ་འབྱོར་གོང་འཕེལ་གྱི་མུའུ་སྟོང་གི་སྤུས་དག་ཁམ་བུ་སྨི་ཧའུ་ཐོན་སྐྱེད་བྱས་ནས་ཤང་ཀང་དང་ཨའོ་མོན་ལ་ཐད་ཚོང་ཐུབ་ཡོད། ཧྲེ་པ་ཏུང་གྲོང་ཚོའི་ཧྲུའུ་ཅི་དང་པོ་སུན་ཀྲུང་ཡོན་གྱིས། བསམ་བློ་ཕྱུག་པོ་ཆགས་ན། ཧུར་སེམས་ཆེ་རུ་དང་བསམ་བློའི་ལྟ་བར་འགྱུར་ལྡོག་ཕྱིན་ནས། ད་ཆ་མང་ཚོགས་ནས་དབུལ་སྒྲོལ་ཕྱུག་འགྱུར་བྱེད་པའི་སེམས་ཤུགས་ཆེ་བ་དང་། རེ་འདུན་དྲག་པ། ཧུར་སེམས་ཆེ་བ་བཅས་ཡོད་ཅེས་བསྟན་གནང་ཡོད།

ཟི་ཁྲོན་གྱིས་བྱ་ཐབས་རབ་དང་རིམ་པ་བརྒྱུད་དབུལ་ཕོངས་མང་ཚོགས་ ཀྱིས་རང་སྟོབས་རང་སྤེལ་དང་ལས་བརྩོན་ཕྱུག་འགྱུར་གྱི་བདག་པོའི་འདུ་ཤེས་འཛུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཡོད། མིག་སྔར། ཞིང་ཆེན་དེ་ཡོངས་ཀྱི་དབུལ་ཕོངས་མི་འབོར་ས་ཡ་གསུམ་དང་གསུམ་ཁྲིས་ཐོན་ལས་དང་ས་གནས་དེ་གའི་ཐོན་ལས་ལ་བརྟེན་ནས་དབུལ་སྒྲོལ་ཐུབ་ཡོད། ཟི་ཁྲོན་གྱིས་ད་དུང་དབུལ་ཕོངས་གྲོང་ཚོའི་ལས་གཏོད་ཕྱུག་འགྱུར་སྣེ་ཁྲིད་པ་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དབུལ་སྒྲོལ་འགག་གཏོར་གྱི་དཔའ་བོའི་མིང་བྱང་བཟོས་ཏེ་རོགས་སྐྱོར་སྲིད་ཇུས་བྱ་ཐབས་དང་དབུལ་ཕོངས་མང་ཚོགས་ཀྱི་དངོས་ཡོད་ངལ་རྩོལ་ཟུང་འབྲེལ་བྱས་ཏེ་དབུལ་སྒྲོལ་གྱི་ནང་སྐྱེས་སྒུལ་ཤུགས་ནུས་ལྡན་ངང་འཕེལ་བ་བྱས་ཡོད། ཟི་ཁྲོན་ཞིང་ཆེན་དབུལ་སྒྲོལ་འགག་གཏོར་གཞུང་ལས་ཁང་གི་ཀྲུའུ་རེན་རྒྱ་མཚོས། ཉེ་བའི་ལོ་ཤས་རིང་ང་ཚོས་ནང་སྐྱེས་སྒུལ་ཤུགས་ཆེ་རུ་འགྲོ་བའི་འཚོལ་ཞིབ་ལས་དོན་འབོར་ཆེན་སྤེལ་ཡོད། དཔེར་ན་གྲོང་མིའི་སྐར་བསགས་ལམ་ལུགས་ཀྱི་དོ་དམ་ཞེས་པ་དང་། ངལ་རྩོལ་ཡོང་འབབ་ཀྱི་བྱ་དགའི་འཆར་གཞི་ཞེས་པ་ཁྱབ་གདལ་བཏང་བ་མ་ཟད། ད་དུང་དབུལ་སྒྲོལ་འགག་གཏོར་གྱི་བྱ་དགའ་ཞེས་པ་དང་དབུལ་སྒྲོལ་གྱི་མིག་དཔེ་ཞེས་པ་དཔྱད་འདེམས་ཀྱང་བྱས་པས། གྲོང་མི་ཚོ་དངོས་པོའི་དབུལ་ཕོངས་ནས་ཕྱིར་དོན་ཐུབ་པ་མ་ཟད། དེ་བས་བསམ་པའི་དབུལ་ཕོངས་ནས་ལངས་ཐུབ་པ་བྱུང་ཡོད་ཅེས་བསྟན་ཡོད་པ་རེད།

ཁྲུང་ཆིང་གྲོང་ཁྱེར་ཤིའུ་ཧྲན་རྫོང་ཨེ་རུང་གྲོང་རྡལ་ལུང་ཐང་ཁྲུང་གྲོང་ཚོར། གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་ཝུན་ཏའོ་ཁྲེང་གིས་གྲོང་མིའི་སྣེ་ཁྲིད་དེ་མངགས་ཐོའི་ཞིང་ལས་རྣམ་པར་བརྟེན་ནས། སུར་པན་འཕེལ་རྒྱས་བཏང་བས་ལོ་གཅིག་ལ་སུར་པན་ཐོན་སྐྱེད་བྱེད་ཚད་རྒྱ་མ་ས་ཡ་གཉིས་ལྷག་ཙམ་ཟིན་ཞིང་། ཡོང་འབབ་སྒོར་ས་ཡ་གཅིག་དང་དྲུག་འབུམ་ལྷག་ཙམ་བྱུང་ཡོད། ཝུན་ཏའོ་ཁྲེང་གིས། ངལ་རྩོལ་ཕྱུག་འགྱུར་དབུལ་སྒྲོལ་དང་ཐོན་ལས་འཕེལ་རྒྱས་ཀྱི་འདུ་ཤེས་དེ་དབུལ་སྒྲོལ་འགག་གཏོར་ཁྲོད་ཁྱབ་པ་བྱེད་དགོས། ངལ་རྩོལ་ལ་བརྟེན་ནས་ཕྱུག་པོ་ཆགས་པ་དང་རང་ཉིད་ཀྱི་འཇོན་ཐང་ལ་བརྟེན་ནས་དབུལ་སྒྲོལ་ཐུབ་ཆེད། དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། གྲོང་ཚོ་དེ་གར་བྱ་དགའ་སྤྲོད་པ། ཡོངས་བསྒྲགས་དང་སྤེལ་རེས་གཏམ་བཤད་བཅས་བྱས་ཡོད། ལེ་ལོ་སྒྱིད་ལུག་དང་སྒུག་རྟེན་སློང་གསུམ་གྱི་མི་དེ་དག་ལ་ང་ཚོས་ད་དུང་རྒྱུན་ཆད་མེད་པར་སློབ་གསོ་བརྒྱབ་སྟེ། རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ཕྱུག་པོ་ཆགས་པ་བྱེད་པའི་འདུ་ཤེས་ཡོད་ཚེ། དབུལ་ཕོངས་ནི་གནད་དོན་མིན་ལ་དབུལ་ཕོངས་ཇི་ལྟར་མང་ན་ཡང་གནད་དོན་མིན་ཞེས་བཤད་ཀྱི་ཡོད་ཅེས་བསྟན་ཡོད་པ་རེད།

སློབ་གསོ་ནི་མི་རབས་ནས་མི་རབས་བར་དབུལ་ཕོངས་སུ་འགྱུར་བའི་རྩ་བ་བཅོས་པའི་ཐབས་ཇུས་ཤིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། དབུལ་སྐྱོར་སྔོན་ལ་རྨོངས་སེལ་དང་། དབུལ་སྐྱོར་སྔོན་ལ་རིག་སྐྱོར་བྱེད་དགོས། དབུལ་ཕོངས་ས་ཁུལ་གྱི་སློབ་གསོའི་བྱ་གཞག་ནི་ཕུགས་ལ་ཕན་པ་ཞིག་ཡིན་པས། ངེས་པར་དུ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱེད་དགོས། གལ་ཏེ་དབུལ་ཕོངས་ཁྱིམ་ཚང་ཞིག་གི་བུ་ཕྲུག་ལ་ལས་རིགས་སློབ་གསོ་དང་ལེན་བྱ་རྒྱུ་ཡོད་པ་དང་། ལག་རྩལ་སྣ་གཅིག་ཁོང་དུ་ཆུད་པ། ལས་ཞུགས་ཐུབ་པ་བཅས་བྱུང་ཚེ། ཁྱིམ་ཚང་དེ་གཞི་ནས་དབུལ་སྒྲོལ་ཐུབ་རྒྱུའི་རེ་བ་ཡོད། རྒྱལ་ཁབ་ཀྱི་སློབ་གསོའི་གྲོན་དངུལ་མུ་མཐུད་དེ་དབུལ་ཕོངས་ས་ཁུལ་དང་། རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ་བཅས་ལ་ཕྱོགས་ལྷུང་བྱེད་དགོས་ལ། དམིགས་བསལ་ལས་གནས་ཀྱི་འཆར་གཞི་དང་རྒྱལ་ཁབ་ཀྱི་གསོ་སྐྱོང་འཆར་གཞི་ཡང་དབུལ་ཕོངས་ས་ཁུལ་གྱི་གཞི་རིམ་ལ་ཕྱོགས་ལྷུང་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ཀོང་ཤིའི་ཀྲོང་རིགས་རང་སྐྱོང་ལྗོངས་རུང་ཧྲུའེ་མེའོ་རིགས་རང་སྐྱོང་རྫོང་དུ། ལོ་ལེང་ཧུའེ་ཝུན་ནི་ཡིག་ཚགས་དང་ཁ་ཤོག་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ཞིག་ནས་ཡིན་ཞིང་། ད་ལྟ་མི་རིགས་སློབ་འབྲིང་གི་གྲངས་ཉུང་མི་རིགས་བུ་མོའི་འཛིན་གྲྭར་སློབ་སྦྱོང་བྱེད་བཞིན་ཡོད། ལོ་ལེང་ཧུའེ་ཝུན་གྱིས། ངའི་ཕུགས་བསམ་ནི་དབྱིན་ཡིག་དགེ་རྒན་ཞིག་བྱས་ནས་སློབ་མ་དེ་བས་མང་བ་རི་ཁུལ་ནས་ཕྱིར་འཁྲིད་རྒྱུ་དེ་ཡིན། སློབ་གྲྭའི་ནང་གི་ཉེར་སྤྱོད་འགྲོ་གྲོན་དང་། སློབ་གྲོན་ཙག་ཙིག འཚོ་བའི་འགྲོ་གྲོན། ད་དུང་ཟ་ཁང་ནང་གི་ཁ་ལག་འགྲོ་གྲོན་སོགས་ཚང་མ་སློབ་གྲྭས་ང་ཚོར་གཏོང་རོགས་ཞུ་གི་ཡོད་པས་ང་ཚོས་སྤྱིར་བཏང་བྱས་ན་སློབ་ཡོན་སྐྱེལ་དགོས་མེད། ང་རང་ཧྥུ་ཏན་སློབ་ཆེན་དུ་ཡིག་རྒྱུགས་བཏང་ནས་དབྱིན་ཡིག་ཆེད་ལས་སྦྱང་སྟེ་ཕ་ཡུལ་གྱི་བུ་ཕྲུག་དེ་བས་མང་བར་སློབ་ཁྲིད་བྱས་པ་བརྒྱུད་ཁོང་ཚོ་སྤྱི་ཚོགས་ཐོག་ཏུ་ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱ་འདོད་ཆེན་པོ་འདུག་ཅེས་གསུངས་ཡོད།

ཤར་ནུབ་ཀྱི་ཞིང་ཆེན་སོ་སོས་ད་དུང་དབུལ་སྐྱོར་རོགས་ལས་དང་ཁ་གཏད་རོགས་སྐྱོར་སོགས་ཀྱི་བྱ་ཐབས་སྤྱད་པ་བརྒྱུད། དབུལ་ཕོངས་ས་ཁུལ་གྱི་ལས་རིགས་སློབ་གསོ་དང་། དགེ་རྒན་གསོ་སྐྱོང་སོགས་ཀྱི་སྤྱི་ཡོངས་ཆུ་ཚད་མཐོ་རུ་བཏང་ཡོད། ཀན་སུའུ་ཞིང་ཆེན་ཀན་ལྷོ་འབྲིང་རིམ་ཆེད་ཚན་སློབ་གྲྭའི་ནང་། སློབ་མ་རྣམས་ཀྱིས་རླངས་འཁོར་ཉམས་བཟོའི་དངོས་སྦྱོང་འཁོར་ཁང་གསར་པར་སློབ་ཚན་ཚོགས་བཞིན་ཡོད། སློབ་མ་ཚོས་ལྷུ་ལག་ཕྲལ་ནས་ཞིབ་འཇུག་བྱ་རྒྱུར་སྒུལ་འབྱེད་འཕྲུལ་འཁོར་བཞི་དང་། ད་དུང་རྣམ་པ་གསར་པའི་དཔྱང་འགེལ་ལག་སྒམ་ཞིག་མཁོ་འདོན་བྱས་ཡོད། བོད་རིགས་ཆེད་ལས་དགེ་རྒན་དོན་གྲུབ་ལགས་ཀྱིས། དེ་སྔ་སློབ་ཚན་ཁྲིད་དུས་བེད་སྤྱོད་བྱེད་པ་དེ་ནི་ལོ་རབས་བརྒྱད་ཅུའི་ནང་ཐོན་པའི་སྒུལ་འབྱེད་འཕྲུལ་འཁོར་ཞིག་རེད། ད་ལྟ་བེད་སྤྱོད་བྱེད་པ་དེ་ནི་ནུས་རྒྱུ་གསར་པའི་སྒུལ་འབྱེད་འཕྲུལ་འཁོར་རེད། གྲོང་གསེབ་ནས་ཡོང་བའི་བུ་ཕྲུག་གིས་དེ་ནས་སྔོན་ཐོན་གྱི་ལག་རྩལ་སྦྱང་པ་བརྒྱུད་རང་ཉིད་ཀྱི་ཆེད་ལས་ལག་རྩལ་བྱང་ཆུབ་པ་ཆགས་རྗེས། ཐད་ཀའི་བཟོ་གྲྭའི་ནང་དུ་ལས་ཞུགས་བྱས་ཆོག་ཅེས་གསུངས་ཡོད།

ཀན་ལྷོ་འབྲིང་རིམ་ཆེད་ཚན་སློབ་གྲྭ་ནི་སྤྱི་ལོ་2019ལོའི་ཟླ་བ་3པར་ཟླ་སྒྲིལ་གསར་རྒྱག་བྱས་པའི་ལས་རིགས་སློབ་གྲྭ་ཞིག་རེད། ས་གནས་དེ་གར་ཆེས་དབུལ་ཕོངས་ཀྱི་ཁྱིམ་ཚང་མང་བ་དང་། ལས་རིགས་སློབ་གསོའི་ཐོན་ཁུངས་ཧ་ཅང་ཞན་པོ་ཡོད། ཐན་ཅིན་གྲོང་ཁྱེར་གྱི་རོགས་སྐྱོར་འོག སློབ་གྲྭས་གཅིག་ནས་དེང་རབས་ཚད་གཞིའི་དངོས་སྦྱོང་སློབ་ཁང་བཙུགས་ཡོད་ལ། གཉིས་ནས་ཆེད་ལས་མང་པོ་གསར་སྣོན་བྱས་ཡོད། སློབ་སྤྱི་གཞོན་པ་ཏིང་ཧོང་ཅེའི་ཡིས། ཐན་ཅིན་དེང་རབས་ལག་རྩལ་ཆེད་ཚན་སློབ་གླིང་གིས་ཆེད་ལས་འཛུགས་སྐྱོང་དང་སློབ་ཚན་བཀོད་སྒྲིག་ཐད་མཛུབ་ཁྲིད་བསམ་འཆར་ཡག་པོ་བཏོན་གནང་བྱུང་། ང་ཚོས་ཀྱང་ཤེས་ལྡན་མི་སྣའི་གསོ་སྐྱོང་འཆར་གཞི་བཏིང་པ་བརྒྱུད་ཆེད་ལས་གསར་པ་བདུན་ཁ་སྣོན་བརྒྱབ་ཡོད། དཔེར་ན། རྒན་གོན་ཞབས་ཞུ་དང་དོ་དམ། སྔ་རིམ་སློབ་གསོ། རྩིས་པ། མ་བྱན། ཐང་ག་སོགས་ལྟ་བུ་རེད། འབྲིང་རིམ་ཆེད་ཚན་སློབ་གསོར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། སློབ་གསོ་གོང་འཕེལ་བཏང་བ་བརྒྱུད་དེ་མི་རབས་ནས་མི་རབས་བར་དབུལ་ཕོངས་སུ་འགྱུར་བའི་རྒྱུ་རྐྱེན་མེད་པ་བཟོས་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶ཨ་རིས་དབྱི་རག་ལ་འཇབ་རྒོལ་བྱས་ཤིང་དམག་དཔོན་ཆེན་པོ་གཉིས་གྲོངས་པ།

དབྱི་རག་མི་དམངས་སྐུལ་སློང་སྒྲིག་འཛུགས་ཀྱི་འགོ་ཁྲིད་པ་ཨ་པུའུ·མའེ་ཧོ་ཏི·མུའུ་ཧན་ཏི་སི་དང་དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་རུ་ཁག་གི་འགོ་ཁྲིད་པ་ཁཱ་ཤིས་མུའུ·སུའུ་ལའེ་མཱ་ཉི་གཉིས་ཀྱང་འཇབ་རྒོལ་དེའི་ཁྲོད་གྲོངས་ཡོད།

中央广播电视总台 央广网 版权所有

༼དབུལ་སྒྲོལ་འགག་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ༽དབུལ་སྐྱོར་དང་རིག་སྐྱོར་བློ་སྐྱོར་གཉིས་ཟུང་འབྲེལ་བྱེད་དགོས།

ད་ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཚར་བའི་དམིགས་འབེན་མངོན་འགྱུར་ཐུབ་པ་བྱེད་པའི་ལོ་ཡིན་ལ། དབུལ་སྒྲོལ་འགག་གཏོར་མཇུག་བསྡུ་བའི་ལོ་ཡང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་སྔོན། དབུལ་སྒྲོལ་འགག་གཏོར་ག་ཚོད་ཀྱི་ཛ་དྲག་པ་ཡོད་ན།