ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ལོ་གཅིག་རིང་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྤྱོད་གཙང་རུལ་རྒོལ་གྱི་དོན་དངོས་ཕན་འབྲས་ལས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་བ། བདེ་འཇགས་ཚོར་སེམས་བཅས་ཤུགས་ཆེར་སོང་བ།

2020-01-13 09:38:00     责编:卓玛才让

སྤྱི་ལོ་2019ལོའི་ཚུན། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ནས་མི་དམངས་ཀྱིས་ལྟེ་བ་བྱས་པའི་ཆབ་སྲིད་ལངས་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་། སྐོར་ཞིབ་ལྟ་སྐུལ་ལ་སྐུལ་འདེད་སོགས་ལྟ་སྐུལ་སྣ་ཚོགས་ལ་མཐུན་སྦྱོར་ངང་ཤུགས་སྣོན་བརྒྱབ་པ། ལྟ་སྐུལ་དང་སྒྲིག་ཁྲིམས་ལག་བསྟར་གྱི་འགན་འཁྲི་རྩད་གཅོད་དང་ལྟ་སྐུལ་བརྟག་དཔྱད་དང་ཐག་གཅོད་ལ་ཤུགས་སྣོན་བརྒྱབ་པ། མཐོ་གནོན་རྣམ་པ་རྒྱུན་འཁྱོངས་བྱས་པ། སྤྱོད་བཟང་དར་སྤེལ་དང་རུལ་སུངས་ལ་ངོ་རྒོལ་གྱི་ཕན་འབྲས་དངོས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་བ། བདེ་འཇགས་ཚོར་སེམས་བཅས་ཤུགས་ཆེར་སོང་ཡོད།

ཟླ་བ་གོང་མའི་ཟླ་མཇུག་ཏུ། ཀྲུང་དབྱང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་ཞིབ་ཀྱི་ཕྱིར་མིག་ལྟ་བའི་ལས་དོན་ཁྱོན་ཡོངས་ནས་འགོ་བཙུགས་ཡོད། ད་ཐེངས་ཀྱི་ཆེད་དོན་སྐོར་ཞིབ་ཀྱི་ཕྱིར་མིག་བལྟ་བ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གི་སྤྱི་ལོ་2019ལོའི་དབུལ་སྒྲོལ་འགག་གཏོར་གྱི་ཕན་འབྲས་ལ་ཞིབ་དཔྱད་བྱེད་པའི་ལས་དོན་དུས་གཅིག་ཏུ་སྤེལ་བ་དང་། ཀྲུང་དབྱང་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ལོ་ལི་ཕིང་གིས། དེ་ནི་ཀྲུང་དབྱང་སྐོར་ཞིབ་ལས་དོན་གྱི་གསར་གཏོད་ཆེན་པོ་ཞིག་རེད། ཕྱོགས་གཅིག་ནས་ལས་དོན་གྱི་མཉམ་ཤུགས་འགྲིལ་བ་དང་། ལྟ་སྐུལ་གྱི་ཕན་འབྲས་མཐོ་རུ་གཏོང་བ། ལྟ་སྐུལ་གྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་ལ་ཕན་ཐོགས་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ཀྲུང་དབྱང་གིས་ཆེད་མངགས་ཡིག་ཆ་བཀྲམ་ནས་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ། གཞི་རིམ་གྱི་ཁུར་པོ་ཡང་དུ་ཏན་ཏིག་བཏང་ཡོད། ཕྱིར་མིག་ལྟ་བ་དང་ཕན་འབྲས་ལ་ཞིབ་དཔྱད་བྱ་རྒྱུ་གཉིས་གཅིག་གྱུར་མཐུན་སྦྱོར་བྱས་ཏེ། ལྟ་སྐུལ་བསྐྱར་ཟློས་མ་བྱས་པར་གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་ཡོད་ཅེས་ངོ་སྤྲོད་གནང་ཡོད།

སྤྱི་ལོ་2019ལོར། ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་གིས་རྒྱུན་ལྡན་གྱི་སྐོར་ཞིབ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་ཞིབ་ཀྱི་ཕྱིར་མིག་ལྟ་བའི་ལས་དོན་རེས་འཁོར་ཐེངས་གཉིས་སྤེལ་བ་དང་། ས་གནས་དང་ཚན་པ་108ཀྱི་ཏང་རྩ་འཛུགས་ལ་ཁྱབ་པ། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྐོར་ཞིབ་ཀྱི་ཁྱབ་ཚད་དང་ལས་འགན་ལེགས་སྒྲུབ་བྱེད་ཚད་བརྒྱ་ཆ་50ལས་བརྒལ་ཡོད། དེ་དང་ཕྱོགས་མཚུངས་ཀྲུང་དབྱང་གི་སྐོར་ཞིབ་ཀྱིས་གཙོ་བོ་དང་། ཞིང་ལྗོངས་དང་གྲོང་ཁྱེར་དང་། ཀྲུང་དབྱང་ཚན་པའི་སྐོར་ཞིབ་ཀྱིས་འདེགས་སྐྱོར་བྱས་པའི་གཞི་གཅིག་གཤོག་གཉིས་ཀྱི་འཐབ་ཇུས་གནས་སྟངས་འགོ་བཙུགས་ཡོད། སྤྱི་ལོ་2019ལོར། ཞིང་ལྗོངས་དང་གྲོང་ཁྱེར་31དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེའི་ཏང་ཨུད་ཀྱིས་ཁྱོན་བསྡོམས་གྲོང་ཁྱེར་134དང་། རྫོང་1011 ཚན་པ་དང་ཁེ་ལས་དང་བྱ་གཞག་ཚན་པའི་ཏང་རྩ་འཛུགས་1075བཅས་ལ་སྐོར་ཞིབ་བྱས་པས་སྐོར་ཞིབ་ཀྱི་ཁྱབ་ཚད་བརྒྱ་ཆ་59.5ཟིན་ཡོད།

སྐོར་ཞིབ་ལེགས་བཅོས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་བ་ནི་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྐོར་ཞིབ་ལས་དོན་གོང་འཕེལ་གཏིང་ཟབ་གཏོང་བའི་ཁྱད་ཆོས་མངོན་གསལ་དོད་པོ་ཞིག་ཡིན། ལོ་ལི་ཕིང་གིས། ལོ་གཅིག་རིང་། སྐོར་ཞིབ་ལེགས་བཅོས་ཀྱི་རྒྱུན་ལྡན་ལྟ་སྐུལ་སྔར་བས་ཤུགས་ཆེར་བཏང་བ་དང་། རྗེས་ཀྱི་ལས་དོན་ཕྱེད་ཀ་ཙམ་སྔར་བས་ཏན་ཏིག་སྒོ་ནས་སྤེལ་ཡོད། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་ལེགས་བཅོས་ཐད་ཤུགས་སྣོན་བརྒྱབ་པ་དང་། བྱ་ཐབས་སྣ་ཚོགས་འཚོལ་ཞིབ་བྱས་ཡོད་ཅིང་། དེའི་ནང་སྐད་ཆ་འདྲི་བ་དང་། དངོས་སྡོད་ཞིབ་འཇུག ལྟ་སྐུལ་མཛུབ་ཁྲིད། བརྟག་ཞིབ་སོགས་ཀྱི་རྣམ་པ་ཚུད་ཡོད། ཕྱི་ཕྱོགས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད། སྐོར་ཞིབ་བྱ་ཡུལ་གྱི་ཏང་རྩ་འཛུགས་ལེགས་བཅོས་ཀྱི་འགན་འཁྲི་གཙོ་བོ་དོན་འཁྱོལ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། སྐོར་ཞིབ་བྱ་ཡུལ་ཚན་པས་ལེགས་བཅོས་ལ་མཐོང་ཆེན་བྱེད་ཚད་དང་ལེགས་བཅོས་ཀྱི་ཕན་འབྲས་ཚང་མ་མངོན་གསལ་དོད་པོས་མཐོ་རུ་སོང་ཡོད་ཅེས་ངོ་སྤྲོད་གནང་ཡོད།

རྒྱལ་ཁབ་བསྡོམས་རྩིས་ཅུད་ཀྱི་སྤྱི་ལོ་2019ལོའི་དམངས་འདོད་བརྟག་དཔྱད་མཇུག་འབྲས་ལས་མངོན་པར། མང་ཚོགས་ནས་སྐོར་ཞིབ་དང་ལྟ་ཞིབ་ཀྱི་ཕན་འབྲས་ལ་བློ་ཡིད་ཚིམ་ཚད་བརྒྱ་ཆ་93.8ཟིན་ཡོད།

ཀྲུང་དབྱང་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ད་དུང་སྐོར་ཞིབ་དང་སྒྲིག་ཁྲིམས། ལྟ་སྐུལ། མངགས་སྡོད་ལྟ་སྐུལ་བཅས་འབྲེལ་མཐུད་མཉམ་འདྲེས་ཡོང་རྒྱུར་རྒྱུན་མཐུད་སྐུལ་འདེད་བཏང་བ་དང་། སྐོར་ཞིབ་ལྟ་སྐུལ་དང་མང་ཚོགས་ཀྱི་ལྟ་སྐུལ་ཟུང་འབྲེལ་ཡག་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ། སྐོར་ཞིབ་དང་རྩ་འཛུགས། རྩིས་བཤེར། ཡིག་བསྐུར་ངོ་གཏུག་སོགས་སྡེ་ཁག་གི་མཐུན་སྦྱོར་རོགས་ལས་སྒྲིག་གཞི་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ། ཏང་གི་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་དང་། ཁྱོན་ཡོངས་ལ་ཁྱབ་པ། དབང་གྲགས་ལྡན་པ་དང་ཕན་འབྲས་མཐོ་བའི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།

གཞན་ད་དུང་། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ལ་གཅིག་སྡུད་ཐོག་དོ་ཁུར་བྱས་ཡོད། སློབ་གསོ་དང་། ཁོར་ཡུག་སྲུང་སྐྱོབ། བཟའ་རིགས་དང་སྨན་རྫས་བདེ་འཇགས་སོགས་དམས་གཙོའི་ཁྱབ་ཁོངས་སུ་ནག་སེལ་ངན་བཅོམ་གང་ལེགས་བྱས་པ་དང་། ཆེད་དོན་བཅོས་སྒྲིག་གམ་ཆེད་དོན་འཐབ་རྩོད་བྱས་ཡོད། སྤྱི་ལོ་2019ལོའི་ཟླ་བ་1ནས་ཟླ་བ་11པའི་བར། རྒྱལ་ཡོངས་སུ་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ཁག་བདུན་ཁྲི་སྟོང་མེད་བརྒྱད་བརྒྱ་ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་དགུ་ཁྲི་དགུ་སྟོང་ཐག་གཅོད་བྱས་ཡོད། དམངས་འཚོའི་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ཁག་བརྒྱད་ཁྲི་དྲུག་སྟོང་བཞི་བརྒྱ་ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་ཆིག་འབུམ་ཆིག་ཁྲི་ཐག་གཅོད་བྱས་ཡོད། རྒྱལ་ཡོངས་སུ་ནག་ཚོགས་དང་འབྲེལ་བ་ཡོད་པའི་སྒྲིག་འཛུགས་2535མེད་པ་བཟོས་པ་དང་། ཁོ་པ་ཚོའི་རྒྱབ་ངོས་སུ་ཡིབ་པའི་སྲུང་སྐྱོབ་མཁན་1723འཚོལ་བཤེར་ཐུབ་ཡོད།

སྤྱི་ལོ་2019ལོར། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་རྡུང་རྡེག་གཏོང་རྒྱུར་མི་སྐྲག་པར་སྒྲིག་འགལ་ལུགས་འགལ་གྱི་བྱ་སྤྱོད་སྤེལ་བའི་རིགས་འཚོལ་བཤེར་ནན་པོ་བྱས་ཡོད་པ་དང་། སྤྱོད་ཚུལ་ངན་པ་བཞི་ཡོ་བསྲང་བཅོས་སྒྲིག་གི་མཐོ་གནོན་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱེད་བཞིན་ཡོད། རྒྱལ་ཁབ་རྡོ་ཐ་ཆེད་འཚོང་ཅུད་ཀྱིས་འགོ་ཁྲིད་ལས་བྱེད་པས་རྡོ་ཐའི་ཆེད་གཉེར་དབང་ཆ་སྤྱད་ནས་སྒེར་ལ་ཕན་པ་ཐོབ་ཐབས་བྱས་པའི་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱས་ཡོད། རྒྱལ་ཡོངས་རྡོ་ཐའི་ལས་རིགས་སུ་གྱོད་དོན་111ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་300ཐག་གཅོད་བྱས་པ། ༼རིན་གོང་མཐོ་བའི་ཐ་མག་འཚོང་རྒྱུ་འགོག་བཅོས་ཀྱི་ཡུན་ཕན་སྒྲིག་གཞི་འཛུགས་རྒྱུའི་སྐོར་གྱི་བསམ་འཆར་༽ཞེས་པ་བཟོས་ནས་གཤམ་སྤེལ་བྱས་ཡོད། ཀུའེ་ཀྲའུ་ཞིང་ཆེན་གྱིས་འགོ་ཁྲིད་ལས་བྱེད་པས་ཨ་རག་མའོ་ཐའེ་ལ་བརྟེན་ནས་སྒེར་ཕན་སྒྲུབ་པ་སོགས་ཀྱི་གནད་དོན་ཁག་167ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་180ཐག་གཅོད་བྱས་ཡོད། ཕྱིར་འཚོང་ཚོང་པ་514ཡི་ཨ་རག་མའོ་ཐའེ་ཚོང་གཉེར་བྱེད་པའི་དབང་ཆ་མེད་པ་བཟོས་ཡོད། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཨུད་ཀྱི་ཏང་སྲོལ་སྲིད་སྲོལ་ལྟ་སྐུལ་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ཝའེ་མིང་གིས། སྤྱོད་ཚུལ་ངན་པ་བཞིའི་གནད་དོན་གྱི་ཁུངས་སྣེ་ཤེས་རྟོགས་ཐུབ་ན་སྔོན་ལ་ཐག་གཅོད་བྱེད་པ་དང་། རྩད་གཅོད་ཞིབ་ཚགས་བྱས་ཏེ། གཅིག་ཀྱང་ཐར་པར་མི་གཏོང་བ། ཕྱིས་འབྱུང་སྒྲིག་བཤེར་དེ་བས་དམ་དུ་གཏོང་རྒྱུ། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་ད་དུང་མཚམས་འཇོག་མི་བྱེད་པ་དང་། ཚོད་མི་འཛིན་པ་བཅས་ཀྱི་རིགས་ལ་སྒྲིག་སྲོལ་ཁྲིམས་སྲོལ་ལྟར་ཐག་གཅོད་ནན་པོ་བྱེད་པ་དང་། ངོ་སོ་ཏིལ་འབྲུ་ཙམ་ཡང་མི་སྤྲོད་པ། བཟོད་སྒོམ་གཏན་ནས་མི་བྱེད་པའི་རྣམ་འགྱུར་ཐོག་ནས་སྤྱོད་ཚུལ་ངན་པ་བཞིའི་གནད་དོན་མང་དུ་འགྲོ་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱེད་པ། ལས་དོན་ལ་ཤུགས་སྣོན་རྒྱག་ཤུགས་མི་འདང་བའི་རྐྱེན་གྱིས་སྤྱོད་ཚུལ་ངན་པ་བཞི་ཐོན་པའི་གནད་དོན་མངོན་གསལ་དོད་པོ་རྣམས་ལ། བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་རྩད་གཅོད་བྱས་ཏེ། འབྲེལ་ཡོད་འགོ་ཁྲིད་ཀྱི་གནད་དོན་རྩད་གཅོད་ནན་པོ་བྱ་རྒྱུ་རེད་ཅེས་གསུངས་ཡོད།

ལོ་གཅིག་ལྷག་རིང་། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་འགན་འཁྲི་རྩད་གཅོད་བྱེད་པར་ལྟ་སྐུལ་དང་། ཞིབ་བཤེར་ཐག་གཅོད་བྱེད་པར་ལྟ་སྐུལ་བྱེད་པའི་ཐད་ཤུགས་སྣོན་བརྒྱབ་པ་དང་། མཐོ་གནོན་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ། སྤྱོད་ཚུལ་ངན་པ་ཡོ་བསྲང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཕན་འབྲས་དངོས་ཀྱི་ཐོག་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་བ། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་སོང་ཡོད་པས། ཏང་གིས་སྲིད་འཛིན་བྱེད་པའི་མང་ཚོགས་ཀྱི་རྨང་གཞི་ཟམ་ཆད་པར་བརྟན་དུ་བཏང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶ཨ་རིས་དབྱི་རག་ལ་འཇབ་རྒོལ་བྱས་ཤིང་དམག་དཔོན་ཆེན་པོ་གཉིས་གྲོངས་པ།

དབྱི་རག་མི་དམངས་སྐུལ་སློང་སྒྲིག་འཛུགས་ཀྱི་འགོ་ཁྲིད་པ་ཨ་པུའུ·མའེ་ཧོ་ཏི·མུའུ་ཧན་ཏི་སི་དང་དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་རུ་ཁག་གི་འགོ་ཁྲིད་པ་ཁཱ་ཤིས་མུའུ·སུའུ་ལའེ་མཱ་ཉི་གཉིས་ཀྱང་འཇབ་རྒོལ་དེའི་ཁྲོད་གྲོངས་ཡོད།

中央广播电视总台 央广网 版权所有

ལོ་གཅིག་རིང་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྤྱོད་གཙང་རུལ་རྒོལ་གྱི་དོན་དངོས་ཕན་འབྲས་ལས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་བ། བདེ་འཇགས་ཚོར་སེམས་བཅས་ཤུགས་ཆེར་སོང་བ།

སྤྱི་ལོ་2019ལོའི་ཚུན། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ནས་མི་དམངས་ཀྱིས་ལྟེ་བ་བྱས་པའི་ཆབ་སྲིད་ལངས་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་། སྐོར་ཞིབ་ལྟ་སྐུལ་ལ་སྐུལ་འདེད་སོགས་ལྟ་སྐུལ་སྣ་ཚོགས་ལ་མཐུན་སྦྱོར་ངང་ཤུགས་སྣོན་བརྒྱབ་པ།