ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

སི་ཁྲོན་དཀར་མཛེས་ལི་ཐང་གིས“མཁའ་གྲོང”དུ“སྤུས་ལེགས་སྔོ་ཚལ་ དང་ཤིང་འབྲས”འདེབས་པ།

2019-11-07 14:32:00     责编:nake

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྟོན་མཇུག་སྐབས་སུ་ས་བབ་སྨི4000ཡོད་པའི་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་འཇའ་བ་གྲོང་རྡལ་དུ་ལ་ཕུག་སོས་པ་བླུགས་པའི་ལྗིད་ཐེག་རླངས་འཁོར་དྲུག་ཁམས་བོད་ཉི་འོད་དེང་རབས་སྣོད་བཅུད་ཞིང་ལས་གཉིས་གཏོད་ལྟེ་གནས་ནས་ཐོན་པ་རེད། ས་བབ་དམའ་བའི་ས་ཁུལ་གྱི་མི་མང་པོ་ཞིག་དབུགས་ཀྱང་གཏོང་དཀའ་བའི་ས་ཆ་དེར་ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་དང་དེ་བཞིན་ཨེ་ཤེ་ཡ་ཤར་ལྷོར་ཕྱིར་གཏོང་བྱེད་པའི་སྔོ་ཚལ་འདེབས་འཛུགས་དང་ལས་སྣོན་རྟེན་གཞི་ཞིག་ཡོད་པ་དངོས་འབྲེལ་བསམ་ཡུལ་ལས་འདས་པ་ཞིག་རེད།

  2017ལོའི་ཟླ་3ཚེས་9ཉིན་དངོས་སུ་སྒོ་ཕྱེ་བའི་ལི་ཐང་རྫོང་ཚོ་གསུམ་དེང་རབས་ཅན་གྱི་སྣོད་བཅུད་ཞིང་ལས་གླིང་ནི་དཀར་མཛེས་ཁུལ་གྱི་ཞིང་ལས་ཐོན་སྐྱེད་དང་། ཚན་རྩལ་གསར་སྤེལ། སྤྲོ་གསེང་ལྟ་སྐོར་བཅས་གཞི་གཅིག་ཏུ་འདུས་པའི་དེང་རབས་ཅན་གྱི་སྣོད་བཅུད་ཞིང་ལས་གླིང་ཞིག་ཡིན་པ་དང་། མིག་སྔར་གཞི་ཁྱོན་མུའུ་ཁྲི་2.2ཡོད་པ་དེའི་ནང་ཁམས་བོད་ཉི་འོད་དེང་རབས་ཅན་གྱི་སྣོད་བཅུད་ཞིང་ལས་གཉིས་གཏོད་ལྟེ་གནས་དང་། མ་སྐྱེས་ཨ་མ་ལྡུམ་རའི་ཞིང་ར། བྱམས་ལྷ་མ་ཡན་གྲོང་ཚོའི་ཤ་མོ་དང་མོག་རོའི་འདེབས་འཛུགས་སོགས་ཀྱི་གཉེར་སྐྱོང་བྱེད་ཀྱི་ཡོད།

  “ད་ཆ་ང་ཚོའི་རྟེན་གཞིར་ལ་ཕུག་དཀར་པོ་དང་། ཀྲོ་མ་ཀྲུ་ཆུང་ཆུང་། ཤིང་འབྲས་ཧོང་ཀྭ་སོགས་སྤུས་ལེགས་སྔོ་ཚལ་དང་ཤིང་འབྲས་འདེབས་ཀྱི་ཡོད་པས་ས་གནས་དེ་གའི་མང་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ་ལ། ད་དུང་ནང་སའི་གྲོང་ཁྱེར་དང་ཤང་ཀང་ཨའོ་མོན་སོགས་སུ་འཚོང་གི་ཡོད”ཅེས་འཇའ་བ་གྲོང་རྡལ་གྱི་ཀྲེན་ཀྲང་གཞོན་པ་ལིའུ་ཅི་ཝུའེ་ཡིས་བཤད།

  “སྤུས་ལེགས་སྔོ་ཚལ་དང་ཤིང་འབྲས”ནི་ལྷོ་སྣེ་དང་བྱང་སྣེ་ཕུད་པའི“འཛམ་གླིང་གི་སྣེ་གསུམ་པ”ཡིན་པའི་མཚོ་བོད་ས་མཐོའི་ཐོག་སྐྱེས་པའི་སྐྱེ་ལྡན་སྔོ་ཚལ་དང་ཤིང་འབྲས་ཡིན་པས་ནང་སའི་སྔོ་ཚལ་ཤིང་འབྲས་དང་བསྡུར་ན། “སྤུས་ལེགས་སྔོ་ཚལ་དང་ཤིང་འབྲས”ཀྱི་བྲོ་བ་དེ་བས་ལེགས་པ་དང་འཚོ་བཅུད་དེ་བས་ཕུན་སུམ་ཚོགས་པ་ཡོད།

  ཨ་སྒྲོན་མ་སྐྱེས་ཨ་མའི་ཞིང་རར་གླ་པ་བྱས་ན་ལོ་གཉིས་སོང་བ་དང་ཉིན་གཅིག་ལ་གླ་ཆ་སྒོར་90ལེན་རྒྱུ་ཡོད། ས་ཞིང་བརྒྱུད་བཤུག་དང་མཉམ་སྡེབ་དཔལ་འབྱོར་གྱི་ཁེ་སྤོགས་བགོས་པ་བརྒྱུད། ད་ཆ་ཁྱིམ་གྱི་ལོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་6000ལྷག་ཙམ་ཡོད་པ་དང་། འདེབས་འཛུགས་དང་གཡོག་བྱེད་ཀྱི་ལག་རྩལ་ཤེས་པའི་ཁོང་གིས་ད་དུང་ཁྱིམ་གྱི་སྒོའི་རྩར་སྔོ་ཚལ་དྲོད་ཁང་ཆུང་ཆུང་ཞིག་བརྒྱབ་ཡོད།

  ཚོ་གསུམ་དེང་རབས་ཅན་གྱི་སྣོད་བཅུད་ཞིང་ལས་གླིང་གིས་དུད་ཚང་དབུལ་པོ་དང་མི་400ལྷག་ཙམ་ཐག་ཉེ་སར་ལས་ཞུགས་ཐུབ་ཡོད། གཞན་ཡང་ཉེ་འཁོར་གྱི་གྲོང་ཚོ་དབུལ་པོའི་ས་རྒྱུ་ཞན་པ་དང་ས་ཞིང་ཐར་ཐོར་གྱི་གནས་ཚུལ་ལ་དམིགས་ནས་ཞིང་ལས་གླིང་གིས་གྲོང་ཚོ་དབུལ་པོ་35ལ་དཔལ་འབྱོར་འཕེལ་རྒྱས་གཏོང་རོགས་བྱས་པ་རེད། “ང་ཚོས‘སྤུས་ལེགས་སྔོ་ཚལ་དང་ཤིང་འབྲས’དང‘མཁའ་དབྱིངས་འབྲོག་ར’སོགས་ཀྱི་ཞིང་ལས་ཁྱད་ལྡན་ཐོན་ཟོག་གི་ཁུལ་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་གཏོད་བཞིན་ཡོད། ད་ཆ་སྤུས་ཀ་དག་པའི་ཞིང་ལས་ཐོན་རྫས་ལ་ཁྲོམ་ར་དང་འཛད་སྤྱོད་པས་རིམ་གྱིས་དང་ལེན་བྱེད་བཞིན་ཡོད”ཅེས་ལིའུ་ཅི་ཝུའེ་ཡིས་གསར་འགོད་པར་བཤད།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།
རྩོམ་སྒྲིག་པ། ཀླུ་མོ་མཚོ།

中央广播电视总台 央广网 版权所有

སི་ཁྲོན་དཀར་མཛེས་ལི་ཐང་གིས“མཁའ་གྲོང”དུ“སྤུས་ལེགས་སྔོ་ཚལ་ དང་ཤིང་འབྲས”འདེབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྟོན་མཇུག་སྐབས་སུ་ས་2017ལོའི་ཟླ་3ཚེས་9ཉིན་དངོས་སུ་སྒོ་ཕྱེ་བའི་ལི་ཐང་རྫ