ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

དངོས་བྲིས་འཁྲབ་ཚན་མེས་རྒྱལ་གྱིས་འབོད་སྐུལ་བྱེད་ཅེས་པ་བསྟན་རྗེས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེར་ལན་ཆ་ཆེན་པོ་བྱུང་བ།

2019-10-08 09:50:00     责编:卓玛才让

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུས་སྒྲིག་འཛུགས་བྱས་ནས་པར་ལེན་བྱས་པའི་ལེའུ་དྲུག་ཡོད་པའི་བརྙན་འཕྲིན་དངོས་བྲིས་འཁྲབ་ཚན་ཆེ་གྲས་མེས་རྒྱལ་གྱིས་འབོད་སྐུལ་བྱེད་ཅེས་པ་ཉེ་ཆར་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ནས་བསྟན་རྗེས། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་ཁྲོད་ལན་ཆ་ཆེན་པོ་བྱུང་ཡོད། དཔོན་དམག་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་། ངེས་པར་དུ་ཏང་གི་བཀོད་འདོམས་ལ་ཉན་ནས་དམག་སྟོབས་ཆེར་གཏོང་བའི་བླ་སྲོག་བརྟན་པོ་འཛུགས་རྒྱུ་དང་། ཁྱོན་ཡོངས་ནས་དམག་སྦྱོང་དམག་གྲབས་ལ་ཤུགས་སྣོན་རྒྱག་པ། རྒྱལ་ཁ་ལེན་པའི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཏང་དང་མི་དམངས་ཀྱིས་སྤྲད་པའི་བླ་མེད་ཀྱི་ལས་འགན་མཐའ་གཅིག་ཏུ་ལེགས་གྲུབ་བྱ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།

ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་དམག་གཟིགས་མཛད་སྒོར་ཞུགས་མ་ཐག་པའི་མེ་སྒྱོགས་དམག་གི་པུའུ་ཞིག་གི་དམག་མི་ཚའོ་ཀྲེང་ཡུན་གྱིས་ལེའུ་ལྔ་པ་གྲི་ལུགས་རྒྱག་པ་ཞེས་པ་བལྟས་རྗེས་མྱོང་ཚོར་ཟབ་མོ་བྱུང་ཡོད། ཁོང་གིས། རྒྱལ་ཁབ་སྟོབས་ཆེ་ན་གཞི་ནས་དམག་སྟོབས་ཆེ་ཡོང་བ་དང་། དམག་སྟོབས་ཆེ་ན་གཞི་ནས་རྒྱལ་ཁབ་བདེ་འཇགས་ཡོང་ཐུབ་པས། དུས་རབས་གསར་པའི་གསར་བརྗེའི་དམག་མི་ཡིན་པའི་ང་ཚོའི་ལག་ཏུ་དེང་རབས་ཅན་གྱི་མཚོན་ཆ་དང་སྒྲིག་ཆས་ཁྱེར་རྒྱུ་ཡོད་པས། རང་ཉིད་ཀྱི་ནུས་པ་དང་བྱང་ཚད་ཟམ་མི་ཆད་པར་ཆེ་རུ་བཏང་ན། གཞི་ནས་ཏང་དང་མི་དམངས་ཀྱིས་ང་ཚོར་ཡིད་ཆེས་བྱས་པ་ཆུད་ཟོས་སུ་མི་འགྲོ་བ་བྱ་ཐུབ་ཅེས་བཤད་ཡོད་པ་རེད།

བྱང་རྒྱུད་འཐབ་ཁུལ་མཚོ་དམག་གི་སྦྱོང་བརྡར་ལྟེ་གནས་ཤིག་གི་འཐབ་འཛིང་པ་ཝང་ཁའེ་ཡང་གིས། སྟོབས་ཆེ་བའི་དམག་དཔུང་ཞིག་ཡོད་ན་གཞི་ནས་དེ་བས་ཡག་པའི་ངང་མེས་རྒྱལ་དང་མི་དམངས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱེད་ཐུབ་ཅིང་། ང་ཚོས་ངེས་པར་དུ་དུས་རབས་ཀྱིས་སྤྲད་པའི་འགན་འཁྲི་ལྕི་མོ་འདི་ཁུར་དགོས་ཞེས་བཤད་ཡོད།

ལི་པ་ནུན་དུ་ཞི་སྲུང་ལས་འགན་སྒྲུབ་བཞིན་པའི་ཀྲུང་གོའི་ཞི་སྲུང་དཔུང་སྡེའི་ནུས་པ་མང་བའི་བཟོ་ལས་དམག་ཡན་ལག་རུ་ཁག་གི་དཔོན་དམག་གིས་ལས་འགན་འཁུར་བའི་བར་གསེང་བེད་སྤྱད་ནས། དངོས་བྲིས་འཁྲབ་ཚན་མེས་རྒྱལ་གྱིས་འབོད་སྐུལ་བྱེད་ཅེས་པ་ནན་ཏན་ངང་བལྟས་ཡོད་པ་དང་། འཐབ་འཛིང་པ་ཉིའུ་ཡན་ལི་ཡིས། ཕྱི་རྒྱལ་དུ་སླེབས་རྗེས། ངས་གཞི་ནས་མེས་རྒྱལ་སྟོབས་ཆེན་པོ་ཡིན་པ་དང་ཞི་བདེ་རྩ་ཆེན་པོ་ཡིན་པའི་མྱོང་ཚོར་ཐུབ་བྱུང་། ང་ཚོས་ཞི་ཀྲུའུ་ཞིའི་མངག་བཅོལ་བློ་ལ་བརྟན་པོ་ངེས་ནས། འཛམ་གླིང་ཞི་བདེར་སྲུང་སྐྱོབ་མཐའ་གཅིག་ཏུ་བྱ་རྒྱུ་དང་། གཡོ་ཟོལ་མེད་པར་ལས་འགན་ཡག་པོ་སྒྲུབ་ནས། བྱ་སྤྱོད་ངོ་མའི་ཐོག་ནས་ལི་པ་ནུན་གྱི་ཞི་བདེའི་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有