སྤྱི་ལོ་2019དར་གོས་ལམ་བུའི་བརྙན་འཕྲིན་རྒྱལ་སྤྱིའི་མཉམ་ལས་ཐུན་མོང་མ་ལག་གི་མཐོ་རིམ་གླེང་སྟེགས་པེ་ཅིན་དུ་གཉེར་བ།
སྤེལ་བའི་དུས་ཚོད། : 2019-09-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་9པའི་ཚེས་9ཉིན་ནས་11ཉིན་བར། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་དར་གོས་ལམ་བུའི་བརྙན་འཕྲིན་རྒྱལ་སྤྱིའི་མཉམ་ལས་ཀྱི་ཐུན་མོང་མ་ལག་གིས་གཙོ་གཉེར་བྱས་པའི་སྤྱི་ལོ་2019ལོའི་དར་གོས་ལམ་བུའི་བརྙན་འཕྲིན་རྒྱལ་སྤྱིའི་མཉམ་ལས་ཐུན་མོང་མ་ལག་གི་མཐོ་རིམ་གླེང་སྟེགས་པེ་ཅིན་དུ་གཉེར་བ་དང་། སྐབས་འདིའི་གླེང་སྟེགས་ཀྱིས་སྨྱན་སྦྱོར་ཧྲིལ་པོ་མཉམ་འདྲེས་དང་སྤུས་ཚད་མཐོ་བའི་གོང་འཕེལ་ཞེས་པས་བརྗོད་དོན་གཙོ་བོར་བྱས་ཡོད།

ཀྲུང་དབྱང་དྲིལ་བསྒྲགས་པུའི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཝང་ཞའོ་ཧུལ་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་འགོ་འཛིན་ཧྲེན་ཧའེ་ཞུང་ཐེངས་འདིའི་བྱེད་སྒོར་ཞུགས་པ་མ་ཟད་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་དང་མཇལ་འཕྲད་གནང་ཡོད། ཝང་ཞའོ་ཧུལ་ཡིས་ཤིས་ཚིག་གསུངས་སྐབས། དར་གོས་ལམ་བུའི་བརྙན་འཕྲིན་རྒྱལ་སྤྱིའི་མཉམ་ལས་ཀྱི་ཐུན་མོང་མ་ལག་ནི་རྒྱུད་གཅིག་ལམ་གཅིག་གི་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། དར་གོས་ལམ་བུའི་ཐུན་མོང་མ་ལག་གིས་དར་གོས་ལམ་བུའི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་དང་། རྒྱུད་གཅིག་ལམ་གཅིག་གི་ངོ་མཚར་ཆེ་བའི་གཏམ་རྒྱུད་ཡག་པོ་བརྗོད་པ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བཅས་བྱས་ཏེ། སྨྱན་སྦྱོར་མཉམ་འདྲེས་བྱ་རྒྱུ་དེ་འཕེལ་རྒྱས་གཏིང་ཟབ་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་གནང་ཡོད།

སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་དང་། མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་ཆེད། སྐབས་འདིའི་གླེང་སྟེགས་ཀྱིས་དར་གོས་ལམ་བུའི་བརྙན་འཕྲིན་རྒྱལ་སྤྱིའི་མཉམ་ལས་ཐུན་མོང་མ་ལག་ལས་འཛིན་ལྷན་ཚོགས་དབུ་བརྙེས་པ་ཁྱབ་བསྒྲགས་བྱས་ཡོད། ལས་འཛིན་ལྷན་ཚོགས་དེ་རྒྱལ་ཁབ་དང་ས་ཁུལ་23གྱི་གཙོ་རྒྱུན་སྨྱན་སྦྱོར་དང་སྒྲིག་བཟོའི་ལས་ཁུངས་29ལས་གྲུབ་ཅིང་། ཧྲེན་ཧའེ་ཞུང་ནས་ལས་འཛིན་དཔོན་གྱི་འགན་བཞེས་གནང་ཡོད།

ཧྲེན་ཧའེ་ཞུང་གིས་ལས་འཛིན་ལྷན་ཚོགས་དབུ་བརྙེས་པའི་མཛད་སྒོའི་ཐོག་ཤིས་ཚིག་གསུངས་སྐབས། དར་གོས་ལམ་བུའི་ཐུན་མོང་མ་ལག་བཙུགས་ནས་ལོ་གསུམ་རིང་། ལེ་ཚན་མཉམ་སྤྱོད་དང་དུས་མཚམས་མཉམ་འཛུགས། མཉམ་ལས་པར་ལེན། མི་སྣ་སྤེལ་རེས། གསེར་སྐུད་ཅེས་པའི་ཕུལ་བྱུང་ལེ་ཚན་དཔྱད་འདེམས་སོགས་ཁྱབ་ཁོངས་མང་པོའི་ནང་རྒྱ་ཆེ་ཞིང་དངོས་གཉེར་གྱི་མཉམ་ལས་ཁག་མང་པོ་བྱས་ཡོད། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་དར་གོས་ལམ་བུའི་ཐུན་མོང་མ་ལག་གིས་སྨྱན་སྦྱོར་ཚན་པའི་གྲོགས་པོ་སྔར་བས་མང་བ་དང་ལག་གདང་སྦྲེལ་ནས། འཛམ་གླིང་ཡོངས་ཀྱི་སྨྱན་སྦྱོར་གསར་སྐྲུན་གོང་འཕེལ་གྱི་མཛེས་སྡུག་ལྡན་པའི་མ་འོངས་གཏོད་འདོད་ཡོད་ཅེས་གསུངས་ཡོད་པ་རེད།

གླེང་སྟེགས་གཙོ་བོའི་ཐོག་ཐུན་མོང་མ་ལག་དང་ཨ་ཤི་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་རླུང་འཕྲིན་མནའ་འབྲེལ་གྱིས་མཉམ་གཉེར་བྱས་པའི་སྤྱི་ལོ་2019ལོའི་གསེར་སྐུད་ཅེས་པའི་རྒྱལ་ཁབ་མང་པོས་མཉམ་དུ་པར་ལེན་བྱས་པའི་མུ་སྦྲེལ་ལེ་ཚན་སྟེ། མིག་སྔའི་དར་གོས་ལམ་བུར་བལྟ་ཞེས་པའི་དཔྱད་འདེམས་མཇུག་འབྲས་ཡོངས་བསྒྲགས་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མཚམས་གཅོད།