ཤང་ཀང་ལས་རིགས་ཁག་གི་བུད་མེད་མཉམ་འབྲེལ་མཐུན་སྦྱོར་ཡར་ཐོན་ཚོགས་པའི་ཀྲུའུ་ཞི་ཧོ་ཁྲའོ་ཆུང་དང་། ལྟ་ཞིབ་བློ་འདྲི་ཝུའུ་ཧྲུའུ་ཆིང་གིས། འཛམ་གླིང་གིས་དོན་ངོ་མའི་ཤང་ཀང་གི་གནས་སྟངས་ལ་རྒྱུས་མངའ་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན་པ།
སྤེལ་བའི་དུས་ཚོད། : 2019-09-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རེ་ནེ་ཝར་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་༤༢ལ་ཞུགས་བཞིན་པའི་ཤང་ཀང་ལས་རིགས་ཁག་གི་བུད་མེད་མཉམ་འབྲེལ་མཐུན་སྦྱོར་ཡར་ཐོན་ཚོགས་པའི་ཀྲུའུ་ཞི་ཧོ་ཁྲའོ་ཆུང་དང་། ལྟ་ཞིབ་བློ་འདྲི་ཝུའུ་ཧྲུའུ་ཆིང་གིས་སྤྱི་ཚེས་༩ཉིན་ཀྲུང་གོའི་སྨྱན་སྦྱོར་མཉམ་འབྲེལ་གྱི་བཅར་འདྲི་དང་ལེན་གནང་སྐབས། འཛམ་གླིང་གིས་དོན་ངོ་མའི་ཤང་ཀང་གི་གནས་སྟངས་ལ་རྒྱུས་མངའ་བྱ་རྒྱུའི་རེ་བ་ཡོད་ཅིང་། གཏུམ་སྤྱོད་བྱེད་སྒོས་ཤང་ཀང་ལ་གྱོང་གུན་ཚབས་ཆེན་ཕོག་ཡོད་ཅེས་བསྟན་ཡོད།

ཤང་ཀང་ལས་རིགས་ཁག་གི་བུད་མེད་མཉམ་འབྲེལ་མཐུན་སྦྱོར་ཡར་ཐོན་ཚོགས་པའི་ཀྲུའུ་ཞི་ཧོ་ཁྲའོ་ཆུང་གིས། ཡུལ་སྐོར་ལས་རིགས་དང་། བཟའ་བཏུང་ལས་རིགས་ཙམ་གྱིས་མི་ཚད་པར། ཤང་ཀང་གི་དཔལ་འབྱོར་ཧྲིལ་པོར་ཚད་གཞི་མི་འདྲ་བའི་ཕོག་ཐུག་ཕོག་ཡོད། ཆེས་ཡ་ང་བའི་མི་ཚོགས་ནི་ཤང་ཀང་གི་ཚོང་དུད་ཆུང་ཆུང་དག་རེད། ཁོང་ཚོས་མུ་མཐུད་ནས་ཚོང་གཉེར་བྱ་ཐབས་བྲལ་ཡོད་ལ། དེ་ཙམ་གྱིས་མ་ཚད་པར། མིག་སྔའི་བར་སླེབས་དུས། གཏོར་བཤིག་བཏང་ཟིན་པའི་རྨང་གཞིའི་སྒྲིག་བཀོད་དུས་མཚམས་འདིའི་རིང་རེ་རེ་བཞིན་བསྐྱར་གསོ་བྱ་ཐབས་བྲལ་ཡོད། མི་མང་པོ་ཞིག་གིས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྟབས་བདེ་ཡང་ལོངས་སྤྱོད་བྱ་མི་ཐུབ་པ་དང་། ཕྱིར་དོན་མི་ཐུབ་པས། རང་ཉིད་ཀྱིས་ལས་དོན་སྒྲུབ་སའི་ས་ཆར་བསྐྱོད་ཐབས་བྲལ་ཡོད། ང་ཚོའི་འཛད་སྤྱོད་ཀྱང་༧༠%ཉམས་རྒུད་ཕྱིན་ཡོད་ཅེས་གསུངས་ཡོད།

ཤང་ཀང་ལས་རིགས་ཁག་གི་བུད་མེད་མཉམ་འབྲེལ་མཐུན་སྦྱོར་ཡར་ཐོན་ཚོགས་པའི་ལྟ་ཞིབ་བློ་འདྲི་ཝུའུ་ཧྲུའུ་ཆིང་གིས། གཏུམ་སྤྱོད་པས་གནམ་གྲུ་ཐང་བསྐོར་ནས་བཀག་རྗེས། སྤྱི་པའི་སྒྲིག་ཆས་ལ་གཏོར་བཤིག་བཏང་བ་མ་ཟད། ད་དུང་ཕྱི་ཕྱོགས་ནས་ཤང་ཀང་གི་བདེ་འཇགས་ལ་དུས་ཡུན་རིང་པོའི་ནང་སེམས་ཁྲལ་བྱེད་དགོས་པ་ཞིག་བཟོས་ཡོད། དེ་ནི་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་གི་ཤང་ཀང་གཟུགས་བརྙན་ལ་ཤུགས་རྐྱེན་བཟོས་པ་ཞིག་ཡིན་པས། ཉེན་ཁ་ཆེན་པོ་རེད་ཅེས་གསུངས་ཡོད།

ཧོ་ཁྲའོ་ཆུང་དང་། ཝུའུ་ཧྲུའུ་ཆིང་གི་ལངས་ཕྱོགས་ལ་ཤང་ཀང་ལས་རིགས་ཁག་གི་མི་སྣས་རྒྱབ་སྐྱོར་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།