རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་མཉམ་འབྲེལ་ནང་སྦྱོང་ཐོག་མ་བདེ་བླག་ངང་མཇུག་འགྲིལ་བ།
སྤེལ་བའི་དུས་ཚོད། : 2019-09-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་8ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་གསར་འགྱུར་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། ཟླ་9ཚེས་7ཉིན་གྱི་ཆུ་ཚོད་23ནས་ཚེས་8ཉིན་གྱི་ཐོ་རེངས་བར། པེ་ཅིང་གནམ་བདེ་སྒོ་མོ་ཆེར་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་མཉམ་འབྲེལ་ནང་སྦྱོང་ཐོག་མ་དེ་བྱས་པ་དང་མི་ཁྲི་9ལྷག་ནང་སྦྱོང་དང་ས་གནས་ས་ཐོག་གི་འགན་ལེན་ལས་དོན་ནང་ཞུགས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། མཉམ་འབྲེལ་ནང་སྦྱོང་ཐོག་མའི་ནང་། ཚོགས་ཆེན་ལ་རྟེན་འབྲེལ་ཞུ་བའི་མཛད་སྒོ་དང་། དམག་གཟིགས། མང་ཚོགས་ཁྲོམ་སྐོར། མཉམ་སྤྲོའི་བྱེད་སྒོ གནས་སྤོ། འཕྲལ་འདོམས་ཐག་གཅོད་སོགས་ནང་དོན་དྲུག་ཚུད་ཡོད་པ་རེད། དེའི་ནང་། ཆུ་ཚོད་གཅིག་རྒྱུན་མཐུད་ཀྱི་དམག་གཟིགས་ནང་སྦྱོང་ཁྲོད་གཙོ་བོ་དམག་གཟིགས་མཛད་སྒོ་དང་ཁག་བགོས་རྣམ་པའི་ནང་སྦྱོང་བྱས་པ་རེད། མང་ཚོགས་ཁྲོམ་སྐོར་ནང་སྦྱོང་གི་གཙོ་གནད་ནི་ཁ་བཀྲམ་བསྡུ་རུབ་དང་སྤྱི་ཡོངས་འགྲོ་སྐྱོད། དེ་བཞིན་མཉམ་འབྲེལ་དམག་དཔུང་གི་རོལ་དབྱངས་ཚོགས་པ་དང་མཉམ་ལེན་ཚོགས་པའི་གཞས་གདང་གཅིག་གྱུར་ཡོང་རྒྱུ་དང་། དམག་གཟིགས་རུ་སྟར་གྲུ་བཞི་དང་མཉམ་སྤྲོའི་བྱེད་སྒོའི་སྔ་རྗེས་སྦྲེལ་མཐུད་བཅས་རེད། མཉམ་སྤྲོའི་བྱེད་སྒོས་བརྗོད་དོན་གཙོ་བོའི་འཁྲབ་སྟོན་དང་ལྟེ་བའི་མཉམ་སྤྲོའི་འཁྲབ་སྟོན་ནང་སྦྱོང་བྱས་ཏེ། འཁྲབ་སྟོན་པས་ཚོགས་ར་རྒྱུས་ལོན་དང་། ཤོག་སྦག་སྤོར་བའི་ཚོད་འཛིན་མ་ལག་ལ་ས་གནས་ས་ཐོག་ཏུ་ཚོད་ལྟ་བྱས་པ་རེད།

ཐེངས་འདིའི་ནང་སྦྱོང་གིས་གཙོ་བོ་བྱེད་སྒོར་རྟེན་འབྲེལ་ཞུ་བའི་བརྒྱུད་རིམ་ཡོངས་དང་ལྟེ་བའི་རྒྱུ་རྐྱེན་གཙོ་བའི་ནང་ངོས་སྦྲེལ་མཐུད་བྱས་ཏེ། ཕྱོགས་ཁག་གི་རྩ་འཛུགས་ཀྱི་འགན་ལེན་དང་བཀོད་འདོམས་འཁོར་སྐྱོད་ལས་དོན་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པས། ནང་སྦྱོང་ཞིབ་ཚགས་དང་སྒྲིག་འཛུགས་གོ་རིམ་ལྡན་པའི་ངང་སྔོན་དཔག་གི་དམིགས་ཚད་དུ་སླེབས་པ་རེད། པེ་ཅིང་གྲོང་ཁྱེར་གྱི་འབྲེལ་ཡོད་ཕྱོགས་ཀྱིས་ཐེངས་འདིའི་མཚན་མོའི་ནང་སྦྱོང་བྱེད་སྒོར་རྒྱ་ཆེའི་གྲོང་མི་མང་ཚོགས་ཀྱི་བསམ་ཤེས་དང་རྒྱབ་སྐྱོར་ཐོབ་པར་ཆེད་མངགས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།