བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཐུགས་ཁུར་གནང་བའི་དངོས་བྲིས།
སྤེལ་བའི་དུས་ཚོད། : 2019-09-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་གིས་༼བློ་སེམས་གཅིག་ཏུ་སྡུད་ནས་བཤེས་གཉེན་བྱང་ཚད་མཐོར་གཏོང་དང་། ཀུན་སྤྱོད་བཟང་པོའི་ཐོག་ནས་མི་སྣ་གསར་པ་གསོ་སྐྱོང་བྱེད་པ་སྟེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཐུགས་ཁུར་གནང་བའི་དངོས་བྲིས་༽ཞེས་པ་སྤེལ་བ།

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༩ཉིན། ཤིན་ཧྭ་གསར་འགྱུར་ཁང་གིས་༼བློ་སེམས་གཅིག་ཏུ་སྡུད་ནས་བཤེས་གཉེན་བྱང་ཚད་མཐོར་གཏོང་དང་། ཀུན་སྤྱོད་བཟང་པོའི་ཐོག་ནས་མི་སྣ་གསར་པ་གསོ་སྐྱོང་བྱེད་པ་སྟེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཐུགས་ཁུར་གནང་བའི་དངོས་བྲིས་༽ཞེས་པ་སྤེལ་ཡོད་པ་རེད།

རྩོམ་ཡིག་ནང་འཁོད་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་རྒྱུན་འཛིན་དང་མི་སྣ་གསོ་སྐྱོང་བྱེད་པའི་མཐོ་ཚད་ཐོག་བཞེངས་ནས། དུས་རབས་གསར་པའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བཏོན་གནང་བ་དང་། དགེ་བའི་བཤེས་གཉེན་གྱི་ལས་དོན་སྐོར་ལ་བླང་བྱ་ཁ་གསལ་བཏོན་གནང་ཡོད།

དགེ་རྒན་དུས་ཆེན་སླེབས་ཐེངས་རེར། རྒྱལ་ཡོངས་ཀྱི་དགེ་རྒན་བྱེ་བ་གཅིག་དང་ས་ཡ་དྲུག་ལྷག་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཚམས་འདྲི་དང་སྨོན་འདུན་འབྱོར་གྱི་ཡོད་པ་དང་། མ་གཞི་མཛད་བྲེལ་ཤིན་ཏུ་ཆེན་པོ་ཡོད་མོད། སྤྱི་ཁྱབ་ཧྲུའུ་ཅིས་ཐབས་ལམ་དེ་འདྲ་ཞིག་བརྒྱུད་ནས། ཁོང་རང་ཉིད་ཀྱིས་རྒྱལ་ཡོངས་ཀྱི་དགེ་རྣམས་ལ་ཐུགས་ཁུར་གནང་བ་དང་། སློབ་གསོའི་སྒྱུར་བཅོས་དང་དགེ་རྒན་གྱི་ལས་དོན་ལ་ཐུགས་རེ་ནན་པོ་བཅོལ་གནང་བ་མཚོན་ཡོད། ཏང་ཀྲུང་དབྱང་གི་བྱམས་བརྩེའི་བཀའ་དྲིན་འོག རྒྱ་ཆེའི་དགེ་རྒན་རྣམས་ལ་སྐུལ་མ་ཆེན་པོ་ཐེབས་པ་དང་། མི་སྣ་གསོ་སྐྱོང་བྱེད་པའི་བྱ་གཞག་ནང་ཞུགས་ནས། མི་རིགས་བསྐྱར་དར་གྱི་རེ་བའི་རྒྱུན་སྐྱོང་བཞིན་མཆིས།

རྩོམ་ཡིག་ནང་འཁོད་དོན། ཀུན་སྤྱོད་བཟང་པོས་མི་སྣ་གསོ་སྐྱོང་བྱེད་པ་ནི། སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུ་དོན་འཁྱོལ་བྱེད་པའི་རྩ་བའི་ལས་འགན་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་སྐུལ་འདེད་འོག རང་རྒྱལ་གྱི་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་གྱི་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཇེ་ཆེར་ཕྱིན་པ་དང་། གྲུབ་གཞི་ཟམ་མི་ཆད་པར་ལེགས་སུ་ཕྱིན་པ། སྤྱི་ཡོངས་ཀྱི་བྱང་ཚད་སྔར་བས་མཐོ་རུ་ཕྱིན་པ་བཅས་ཀྱི་ཐོག་ནས། ཡིད་ཆེས་བྱེད་ཆོག་པ་དང་། གུས་བཀུར་རུང་བ། བློས་འགེལ་ཆོག་པ། བྱས་རྗེས་འཇོག་འདོད་པ། བྱས་རྗེས་འཇོག་ནུས་པ། བྱས་རྗེས་འཇོག་པར་མཁས་པ་བཅས་ཀྱི་བསམ་བློ་ཆབ་སྲིད་དགེ་རྒན་གྱི་དཔུང་ཁག་གྲུབ་ཡོད། རྒྱལ་ཡོངས་སློབ་གསོའི་ཁྱབ་ཁོངས་ཀྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་འདེམས་པའི་ལས་དོན་རྒྱུན་མཐུད་སྤེལ་ནས། དགེ་རྒན་ཕུལ་དུ་བྱུང་བ་མང་དག་ཅིག་གིས་དེང་རབས་དགེ་རྒན་གྱི་གཟུགས་བརྙན་བཟང་པོ་དང་ཀྲུང་གོའི་མི་སེམས་འགུལ་བའི་འོད་སྟོང་འཕྲོ་བའི་མིག་དཔེ་བཏོད་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། མི་སེམས་ལ་ཟུག་པའི་ལམ་ལུགས་རང་བཞིན་གྱི་སྒྱུར་བཅོས་རབ་དང་རིམ་པར་བརྟེན་ནས། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་བྱེད་པར་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་རྣམ་པ་གསར་པའི་དགེ་རྒན་དཔུང་ཁག་ཆགས་རྒྱུར་མཐུན་རྐྱེན་བཟང་པོ་བསྐྲུན་ཡོད། རང་རྒྱལ་གྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་གི་རྣམ་པ་བཟང་པོ་ཆགས་པ་དང་། སྤྱི་ལོ་༢༠༡༨ལོར། རྒྱལ་ཡོངས་སུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་ལྔ་འབུམ་ཆིག་ཁྲི་བརྒྱད་སྟོང་བརྒྱད་བརྒྱ་ཡོད་པ་དང་། སློབ་ཁྲིད་དགེ་རྒན་བྱེ་བ་གཅིག་དང་ས་ཡ་དྲུག་དང་བདུན་འབུམ་ཉིས་ཁྲི་བརྒྱད་སྟོང་ལྔ་བརྒྱ་ཡོད་པ། སྤྱི་ལོ་༢༠༡༧ལོ་ལས་མི་གྲངས་བཞི་འབུམ་ལྔ་ཁྲི་དགུ་སྟོང་དྲུག་བརྒྱ་མང་དུ་ཕྱིན་ཡོད།

མཇུག་ཏུ་རྩོམ་ཡིག་ནང་། ཀྲུང་གོ་གསར་པ་དབུ་བརྙེས་ན་ལོ་ངོ་༧༠འཁོར་བའི་འགོ་འཛུགས་ས་གསར་པའི་ཐོག ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འབྲེལ་མཚམས་སུ་སླེབས་སྐབས། ཀྲུང་གོའི་དགེ་རྒན་བྱེ་བ་གཅིག་དང་ས་ཡ་དྲུག་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་འོག མི་རིགས་བསྐྱར་དར་ཆེད་དཀའ་སྤྱད་འབད་བརྩོན་བྱེད་བཞིན་ཡོད་པས། སློབ་གསོའི་བྱ་གཞག་སྒྱུར་བཅོས་དང་འཕེལ་རྒྱས་གཏོང་བའི་སྟོབས་ཤུགས་གཅིག་སྡུད་བྱ་ཐུབ་ངེས་རེད་ལ། མི་རིགས་ཀྱི་མ་འོངས་པའི་རེ་བ་བསྒྲུབ་ཐུབ་ངེས་རེད་ཅེས་ནན་བཤད་བྱས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།