ཀྲུང་དབྱང་སྒྲིག་ཨུད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་དྲུག་ཐེར་འདོན་བྱས་པ།
སྤེལ་བའི་དུས་ཚོད། : 2019-09-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉིན་ཤས་གོང་། ཀྲུང་དབྱང་སྒྲིག་ཨུད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དགོངས་དོན་ལས་འགལ་བའི་དཔེ་མཚོན་ཅན་གྱི་གནད་དོན་དྲུག་སྤྱི་ཚོགས་ཐོག་ཏུ་ཐེར་འདོན་བྱས་ཡོད་པ་དང། དེ་དག་ནི།
ཀུའི་ཀྲའུ་ཞིང་ཆེན་ཆན་ནན་རང་སྐྱོང་ཀྲའུ་ཕིང་ཐང་རྫོང་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མི། རྫོང་དཔོན་གཞོན་པ་ཧོང་ཅུན་གྱིས་སྒྲིག་སྲོལ་ལས་འགལ་ནས་རྩ་ཆེའི་ཁྱད་ལྡན་ཐོན་རྫས་དང་འབུལ་རྟེན་དངུལ་བླངས་པའི་གནད་དོན། ཧུའུ་ནན་ཞིང་ཆེན་གྱི་དེ་སྔའི་སྤུས་ཚད་ལག་རྩལ་ལྟ་སྐུལ་ཅུད་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི། ཅུད་ཀྲང་ཨའུ་ཡང་པེའོ་ཡིས་གཞུང་དངུལ་བེད་སྤྱད་ནས་ཕྱི་རྒྱལ་དུ་ཡུལ་སྐོར་ཕྱིན་པའི་གནད་དོན། པེ་ཅིང་ཅན་ཀུང་ཚོགས་པའི་ཚད་ཡོད་འགན་འཁྲི་ཀུང་སིའི་སྲིད་འཛིན་བདེ་སྲུང་པུའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལིནུ་ཏུང་སོགས་ཀྱི་གཞུང་དངུལ་བེད་སྤྱད་ནས་ཕྱི་རྒྱལ་དུ་ཡུལ་སྐོར་ལ་ཕྱིན་པའི་གནད་དོན། ཅང་ཞི་ཞིང་ཆེན་ཤིན་ཡུས་གྲོང་ཁྱེར་གྱི་དེ་སྔའི་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གི་ཁྲུའུ་རིམ་པ་གཞོན་པའི་ལས་བྱེད་པ་ཀུའི་ཤའུ་ཕིང་གིས་སྒྲིག་སྲོལ་ལས་འགལ་ནས་དོ་དམ་དང་ཞབས་ཞུ་བྱ་ཡུལ་གྱི་གསོལ་སྟོན་དང་ཡུལ་སྐོར་བཀོད་སྒྲིག་དང་ལེན་བྱེད་པའི་གནད་དོན། ཧྲའན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་ཧུའུ་དབྱིས་ཁུལ་སློབ་གསོ་ཚན་རྩལ་ཅུད་ཀྱི་ཅུད་ཀྲང་གཞོན་པ་ཝང་ཅན་པོ་ཡིས་སྒྲིག་སྲོལ་ལས་འགལ་ནས་རང་གི་ཕྲུ་གུའི་གཉེན་སྟོན་གཉེར་བ་དང་ཆབས་ཅིག་འབུལ་རྟེན་དངུལ་བླངས་པའི་གནད་དོན། ཀྲུང་གོའི་འབྲེལ་འཕྲིན་ཧྲང་ཧའེ་གྲོང་ཁྱེར་ཡན་ལག་ཀུང་སིའི་དངུལ་ཁང་ལས་རིགས་ཕྱིར་འཚོང་ལྟེ་གནས་ཀྱི་སྤྱི་ཁྱབ་ཅིང་ལི་ཝང་ལིང་གིས་སྒྲིག་སྲོལ་ལས་འགལ་ནས་གཞུང་དངུལ་བེད་སྤྱད་དེ་བཟའ་བཏུང་བྱེད་པ་སོགས་ཀྱི་གནད་དོན་བཅས་ཡིན་པ་རེད།

ཀྲུང་དབྱང་སྒྲིག་ཨུད་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣས། གོང་གསལ་གནད་དོན་དྲུག་པོ་དེ་དག་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་རྗེས་སུ་ཐོན་པ་དང་། དེ་ནི་བག་ཚ་མེད་པ་དང་མཚམས་འཇོག་མི་བྱེད་པའི་དཔེ་མཚོན་ཅན་གྱི་བྱ་སྤྱོད་ཞིག་ཡིན། གོང་གསལ་ཏང་ཡོན་ལས་བྱེད་པ་ཡོངས་ལ་ཐག་གཅོད་ནན་པོ་བྱ་རྒྱུ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚང་མས་གནད་དོན་དེ་དག་བསླབ་བྱར་འཛིན་ནས། རང་ཟོན་དང་། རང་རང་གི་གོ་རྟོགས་མཐོ་རུ་གཏོང་བ། རང་གི་རང་ལ་བརྩི་མཐོང་བཅས་བྱེད་དགོས་ཞེས་བསྟན་ཡོད།

ཀྲུང་དབྱང་སྒྲིག་ཨུད་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣས། རིམ་ཁག་ཏང་རྩ་འཛུགས་ཀྱི་མུ་མཐུད་དུ་ཆབ་སྲིད་ཀྱི་གནས་ས་མཐོ་རུ་གཏོང་དགོས་པ་དང་། ཆབ་སྲིད་ཀྱི་བརྟན་ཤུགས་བརྟན་དུ་གཏོང་བ། སྤྱོད་ཚུལ་བཟུང་བ་དང་སྤྱོད་ཚུལ་ཡོ་བསྲང་བཏང་བའི་རང་འགུལ་རང་བཞིན་དང་བརྟན་པོའི་རང་བཞིན་ཤུགས་ཆེར་བཏང་ནས། རྒྱུད་མཐུད་བརྟན་པོའི་ངང་སྤྱོད་བཟང་སྒྲིག་ནན་དང་། ལས་ཀའི་ཐོག་ལ་ངུལ་དུབ་ཐོན་རྒྱུར་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས། ཟླ་མཆོད་དུས་ཆེན་དང་། རྒྱལ་སྟོན་དུས་ཆེན་སླེབས་ལ་ཉེ་བས། རིམ་ཁག་སྒྲིག་ཨུད་ལྟ་སྐུལ་ཞིབ་བཤེར་ལས་ཁུངས་ཀྱིས་ཚད་མཐོའི་ཉེན་ཟོན་བྱ་རྒྱུ་རྒྱུན་འཁྱོངས་དང་། ལྟ་སྐུལ་ཞིབ་བཤེར་ཤུགས་ཆེར་གཏོང་བ། སྤྱི་བསྒྲགས་ཐེར་འདོན་བྱ་རྒྱུར་ཤུགས་སྣོན། དུས་ཆེན་སྐབས་རིང་ཐོན་པའི་སྤྱོད་ཚུལ་བཞིའི་གནད་དོན་སྐབས་འཕྲལ་དུ་ཐག་གཅོད་ནན་པོ་བྱ་རྒྱུ་དང་། དུས་ཆེན་གྱི་དར་སྲོལ་ཟམ་མི་ཆད་པར་ཁམས་གཙང་དུ་བཏང་སྟེ། སྤྱོད་ཚུལ་འཛུགས་སྐྱོང་གི་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བར་རྟེན་འབྲེལ་ཞུ་དགོས་ཞེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།