སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ་དང་། ལི་ཀྲན་ཧྲུའུ་གྲོས་ཚོགས་ལ་ཞུགས་པ།
སྤེལ་བའི་དུས་ཚོད། : 2019-08-24 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པས་སྤྱི་ཚེས་23ཉིན་གྱི་ཕྱི་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་སྐོང་འཚོགས་བྱས་ཡོད། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་གྲོས་ཚོགས་ལ་ཞུགས་པ་དང་། ཨུ་ཡོན་ཀྲང་གཞོན་པ་ཁྲེན་ཀྲུའུ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད་པ་རེད།

ལི་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གི་ཆུའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་ལག་བསྟར་གནས་ཚུལ་སྐོར་གྱི་སྙན་ཞུ་གནང་ཡོད། ཁོང་གིས། ད་ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བ་བྱ་རྒྱུའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་འགག་རྩའི་ལོ་ཡིན། ས་གནས་ཁག་དང་ཚན་པ་ཁག་གིས་ཁྲིམས་ལུགས་ཀྱི་གཏན་འབེབས་ལ་གཞིགས་ནས། འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ཐོག ཆུའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་ལག་བསྟར་བྱ་རྒྱུར་སྤྱི་ཡོངས་ནས་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་ཡོད། དེ་དང་ཆབས་ཅིག ཁྲིམས་ལུགས་ལག་བསྟར་དམིགས་སར་མ་འབྱོར་བའི་གནད་དོན་ཡང་ད་དུང་ཅུང་མངོན་གསལ་དོད་པོ་ཡོད་པ་དང་། ཁྲིམས་ལུགས་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་ད་དུང་ཧེ་བག་ཡོད་པས། སྤྱི་ཡོངས་ནས་བལྟས་ཚེ་རང་རྒྱལ་གྱི་ཆུའི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་དགའ་འོས་པ་ཞིག་མེད། ཏང་ཀྲུང་དབྱང་གི་གལ་ཆེའི་བཀོད་ཇུས་བཀོད་སྒྲིག་ལ་གཞིགས་ཐོག ཁྲིམས་འཛིན་ཞིབ་བཤེར་ཁྲོད་ཤེས་རྟོགས་ཐུབ་པའི་གནད་དོན་ལ་དམིགས་ནས། ཆུའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྔར་བས་སྐུལ་འདེད་གཏོང་དགོས། ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པ་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱེད་པ། ཁྲིམས་ལུགས་སྲོལ་ཡིག་ལ་གཞིགས་པ། ཁྲིམས་ལུགས་ཀྱི་འགན་འཁྲི་ནན་པོ་ལག་བསྟར་བྱེད་པ་བཅས་བྱས་ནས། ཁྲིམས་ལུགས་གཏན་འབེབས་དེ་རིམ་ཁག་དང་ཚན་པ་ཁག་དང་མི་དམངས་མང་ཚགས་ཀྱི་རང་རྟོགས་བྱ་སྤྱོད་ལ་འགྱུར་བ་བྱ་དགོས། ཁྲིམས་གཏན་འཁེལ་བའི་གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་གནད་དོན་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཆ་ལག་ཚང་བའི་སྦགས་བཙོག་བཅོས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཚན་རྩལ་གྱི་འདེགས་སྐྱོར་ཤུགས་ཆེ་རུ་གཏོང་བ། ཁྲིམས་ལྟར་སྲིད་གཞུང་དང་ཁེ་ལས་སྤྱི་དམངས་བཅས་ཀྱིས་མཉམ་དུ་བཅོས་སྐྱོང་བྱེད་པའི་མཉམ་ཤུགས་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད་པ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཀྲང་ཁྲུན་ཞན་གྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གི་ལས་ཞུགས་སྐུལ་འདེད་བཅའ་ཁྲིམས་ལག་བསྟར་གནས་ཚུལ་ཐད་ཀྱི་སྙན་ཞུ་གནང་ཡོད་པ་དང་། ཁྲིམས་ལུགས་ལག་བསྟར་གྱི་གཞི་རྩའི་གནས་ཚུལ་དང་། གནད་དོན་གཙོ་བོ་སྙན་ཞུ་གནང་བ་མ་ཟད། རྒྱུ་རྐྱེན་ལ་དབྱེ་ཞིབ་དང་གྲོས་འགོ་བཏོན་གནང་ཡོད་པ་རེད།

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པས་སྤྱི་ཚེས་23ཉིན་ཁག་སོ་སོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ད་ལོ་ཤར་ཚུན་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞི་ལག་བསྟར་གནས་ཚུལ་གྱི་སྙན་ཞུ་དང་སྔོན་རྩིས་ལག་བསྟར་གནས་ཚུལ་གྱི་སྙན་ཞུ་གནང་ཡོད་པ་རེད། སྙན་ཞུའི་ནང་གསལ་བར། ལོ་སྟོད་དུ་དཔལ་འབྱོར་སྤྱི་ཡོངས་ནས་འཕར་སྣོན་བརྟན་པོ་དང་། བརྟན་པོའི་ཁྲོད་ཡར་རྒྱས་ཀྱི་ཁོར་རྒྱུག་གནས་ཚུལ་རྒྱུན་མཐུད་ཐུབ་ཡོད་པ་དང་། དམིགས་ཚད་གཙོ་བོ་དེ་ལུགས་མཐུན་གྱི་བར་ཁམས་ནང་རྒྱུན་འཁྱོངས་ཐུབ་ཡོད་པ། ལོ་སྟོད་དུ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞི་ལེགས་གྲུབ་གནས་ཚུལ་སྤྱི་ཡོངས་ནས་ཡག་པོ་བྱུང་བ་དང་། སྔོན་རྩིས་ལག་བསྟར་གནས་ཚུལ་ཅུང་ཡག་པོ་བྱུང་ཡོད། སྤྱི་ཟླ་དང་པོ་ནས་བདུན་པའི་བར། རྒྱལ་ཡོངས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་125623དང་ས་ཡ་8བྱུང་ཡོད་པ་དང་། འཕར་སྣོན་བརྒྱ་ཆ་3.1བྱུང་བ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་འགྲོ་སོང་སྒོར་དུང་ཕྱུར་137963དང་བྱེ་བ་2དང་ས་ཡ་6ཕྱིན་པ་དང་། འཕར་སྣོན་བརྒྱ་ཆ་9.9ཕྱིན་ཡོད་པ་རེད།

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པས་སྤྱི་ཚེས་23ཉིན་ཚོགས་ཆུང་ཁག་བགོས་ཀྱིས་དམངས་དོན་ཁྲིམས་གཞུང་གི་མི་གཞིའི་དབང་ཆའི་རྩོམ་སྒྲིག་འཆར་ཟིན་དང་། དབང་ཆར་བཙན་གནོད་འགན་འཁྲིའི་རྩོམ་སྒྲིག་འཆར་ཟིན་ལ་གྲོས་ཞིབ་བྱས་ཡོད། དམངས་དོན་ཁྲིམས་གཞུང་གི་མི་གཞིའི་དབང་ཆའི་རྩོམ་སྒྲིག་འཆར་ཟིན་གྱི་ཞུ་དག་ཐེངས་གསུམ་བྱས་པའི་མ་ཟིན་གྱིས་མི་སྒེར་གྱི་གློག་རྡུལ་ཡིག་སྒམ་དང་འགྲོ་སྡོད་ཆ་འཕྲིན་རང་བྱུང་མིའི་མི་སྒེར་གྱི་ཆ་འཕྲིན་ཁྱབ་ཁོངས་ནང་བཅུག་ཡོད་པ་རེད། ཚོགས་ཞུགས་མི་སྣས་ཡོངས་ཁྱབ་ཐོག་མི་སྒེར་གྱི་ཆ་འཕྲིན་གྱི་ཁྱབ་ཁོངས་རྒྱ་ཆེ་རུ་བཏང་བར་མོས་མཐུན་བྱས་ཡོད། འོན་ཀྱང་ཨུ་ཡོན་ཁག་ཅིག་གིས་དེ་དང་ཆབས་ཅིག་ཏུ། དེས་སྔར་བཞིན་མི་སྒེར་གྱི་ཆ་འཕྲིན་གྱི་ནང་དོན་ཚང་མར་ཁེབས་ཐུབ་མེད་ཅེས་བསྟན་ཡོད། ཨུ་ཡོན་ཕང་ལི་ཅོན་གྱིས། དཔེར་ན་མི་སྒེར་གྱི་འདྲ་པར་དང་དངུལ་ཁང་གི་རྩིས་ཐོ། བདེ་ཐང་གནས་ཚུལ་སོགས་ནི་མི་སྒེར་གྱི་ཆ་འཕྲིན་གལ་ཆེན་ཡིན་པས། འཚོ་བའི་ཁྲོད་མི་གཞན་གྱིས་ཟུར་གསལ་བྱས་པའམ་ལུགས་མཐུན་མ་ཡིན་པར་གནག་སེམས་ཀྱིས་བེད་སྤྱོད་བྱས་ནས་མི་ལ་རྙོག་དྲ་བཟོ་བ་དང་ཐ་ན་ཤུགས་རྐྱེན་ངན་པ་བཟོ་བའི་གནས་ཚུལ་དང་ཟུང་འབྲེལ་བྱེད་དགོས་ཞེས་གསུངས་ཡོད། ཨུ་ཡོན་ཨའུ་ཡང་ཁྲང་ཆུང་གིས། མི་སྒེར་གྱི་ཆ་འཕྲིན་ལ་སྙིང་བསྡུས་ཐོག་དཔེར་འཇོག་བྱས་པའི་རྣམ་པའི་ཐོག་ནས་དབྱེ་འབྱེད་བྱས་ཏེ་ཆད་ལུས་མང་པོ་མེད་པ་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད།
དམངས་དོན་ཁྲིམས་གཞུང་གི་དབང་ཆར་བཙན་གནོད་འགན་འཁྲིའི་རྩོམ་སྒྲིག་འཆར་ཟིན་ནང་། སྨན་དོན་མི་སྣས་སྨན་བཅོས་བྱེད་སྒོའི་ཁྲོད་སྐབས་དེ་དུས་ཀྱི་སྨན་བཅོས་ཆུ་ཚད་དང་འཚམས་པའི་སྨན་བཅོས་འོས་འགན་སྒྲུབ་མ་ཐུབ་པར་བརྟེན་ནད་པར་གནོད་འཚེ་བཟོས་ཚེ། སྨན་བཅོས་ལས་ཁུངས་ནས་གུན་གསབ་སྤྲོད་དགོས་པའི་འགན་འཁྲི་འཁུར་དགོས་པའི་གཏན་འབེབས་བྱས་ཡོད། ཚོགས་ཞུགས་མི་སྣ་མང་པོ་ཞིག་གིས། གཏན་འབེབས་འདི་ཁ་གསལ་པོ་བྱུང་མེད་ཅེས་བཏོན་ཡོད།

གྲོས་ཚོགས་ལ་ཟུར་ཞུགས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧོང་ལི་པོ་ཡིས། དར་རྒྱས་ཆེ་བའི་ས་ཁུལ་གྱི་སྨན་ཁང་དང་དར་རྒྱས་ཆུང་བའི་ས་ཁུལ་གྱི་གཞི་རིམ་སྨན་ཁང་གྱི་སྨན་བཅོས་ཆུ་ཚད་ལ་ཧེ་བག་མངོན་གསལ་དོད་པོ་ཡོད་པས། སྐབས་དེ་དུས་ཀྱི་སྨན་བཅོས་ཆུ་ཚད་དང་འཚམས་པའི་སྨན་བཅོས་འོས་འགན་འཁུར་རྒྱུ་ཞེས་པ་དེ་ཁ་གསལ་ཙམ་བཟོ་དགོས་ཤིང་། སྐབས་དེ་དུས་ཞེས་པ་དེ་དུས་ཚོད་དེའི་སྐབས་ཀྱི་དར་རྒྱས་ཆེ་བའི་ས་ཁུལ་གཞན་དག་གི་སྨན་བཅོས་ཆུ་ཚད་ལ་གོའམ་ཡང་ན་སྐབས་དེ་དུས་སྨན་ཁང་དེ་རང་དང་ས་གནས་དེ་རང་གི་དེ་མཚུངས་ཀྱི་སྨན་བཅོས་ཆུ་ཚད་ལ་གོ་བ་ཡིན་པ་གསལ་པོ་བཟོ་དགོས་ཞེས་གྲོས་འགོ་བཏོན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།