རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་སྲོལ་ཨུ་ཡོན་ལྷན་ཁང་གིས་ཨ་རི་ནས་ཐོན་སྐྱེད་བྱས་པའི་ཨ་སྒོར་དུང་ཕྱུར་༧༥༠རི་བའི་ནང་འདྲེན་ཚོང་ཟོག་ལ་སྒོ་ཁྲལ་འཐོལ་པ་བསྡུ་རྒྱུའི་གཏན་འཁེལ་བྱས་པ།
སྤེལ་བའི་དུས་ཚོད། : 2019-08-24 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་སྲོལ་ཨུ་ཡོན་ལྷན་ཁང་གིས་ཨ་རི་ནས་ཐོན་སྐྱེད་བྱས་པའི་ཨ་སྒོར་དུང་ཕྱུར་༧༥༠རི་བའི་ནང་འདྲེན་ཚོང་ཟོག་ལ་སྒོ་ཁྲལ་འཐོལ་པ་བསྡུ་རྒྱུའི་གཏན་འཁེལ་བྱས་པ་དང་ཨ་རི་ནས་ཐོན་སྐྱེད་བྱས་པའི་རླངས་འཁོར་དང་ལྷུ་ལག་ནས་སྒོ་ཁྲལ་འཐོལ་པ་བསྡུ་རྒྱུ་སླར་གསོ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ།

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སྤྱི་ལོ་༢༠༡༩ལོའི་ཟླ་༨པའི་ཚེས་༡༥ཉིན། ཨ་རི་སྲིད་གཞུང་གིས། ཀྲུང་གོ་ནས་ནང་འདྲེན་བྱ་རྒྱུའི་ཨ་སྒོར་དུང་ཕྱུར་༣༠༠༠རི་བའི་ཚོང་ཟོག་ལས་སྒོ་ཁྲལ་བརྒྱ་ཆ་༡༠སྤོར་རྒྱུ་དང་། དེ་ཡང་དུས་ཁག་གཉིས་ལ་དབྱེ་ནས་འགོ་འཛུགས་རྒྱུ་སྟེ། གཅིག་ནི་ལོ་༢༠༡༩ལོའི་ཟླ་༩པའི་ཚེས་༡དང་། གཞན་ཞིག་ནི་ཟླ་༡༢པའི་ཚེས་༡༥ཉིན་ནས་བཟུང་ཡིན་པ་རེད། ཨ་རིའི་ཕྱོགས་ཀྱི་བྱ་ཐབས་དེས་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་འགལ་ཟླ་རྒྱུན་མཐུད་ཛ་དྲག་ཏུ་ཕྱིན་ནས། ཀྲུང་གོ་དང་། ཨ་རི། དེ་བཞིན་རྒྱལ་ཁབ་གཞན་གྱི་ཁེ་ཕན་བཅས་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད་ལ། ཕྱོགས་མང་ཉོ་ཚོང་སྒྲིག་གཞི་དང་རང་མོས་ཉོ་ཚོང་རྩ་དོན་ལ་ཡང་ཉེན་ཁ་བཟོས་ཡོད་པ་རེད།

ཨ་རིའི་ཕྱོགས་ཀྱི་གོང་གསལ་བྱ་ཐབས་ལ་དམིགས་ནས། ཀྲུང་གོས་ངོ་རྒོལ་བྱ་ཐབས་སྤྱོད་དགོས་བྱུང་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགག་སྒོའི་བཅའ་ཁྲིམས་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཕྱི་ཕྱོགས་ཉོ་ཚོང་བཅའ་ཁྲིམས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཕྱིར་གཏོང་ནང་འདྲེན་སྒོ་ཁྲལ་སྲོལ་ཡིག་སོགས་ཁྲིམས་ལུགས་ཁྲིམས་སྲོལ་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་གཞིར་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་བ་བརྒྱུད། རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་སྲོལ་ཨུ་ཡོན་ལྷན་ཁང་གིས། ཨ་རི་ནས་ཐོན་སྐྱེད་བྱས་པའི་ཨ་སྒོར་དུང་ཕྱུར་༧༥༠ཙམ་ཟིན་པའི་སྒོ་ཁྲལ་རྣམ་གྲངས་༥༠༧༨ཀྱི་ཚོང་ཟོག་ནས། སྒོ་ཁྲལ་འཐོལ་པ་བརྒྱ་ཆ་༡༠དང་བརྒྱ་ཆ་༥སྣོན་བསྡུ་བྱ་རྒྱུ་དང་། དེ་ཡང་དུས་ཚོད་ཁག་གཉིས་ལ་དབྱེ་བ་ཕྱེ་ནས་བསྡུ་རྒྱུ་སྟེ། གཅིག་ནི་སྤྱི་ལོ་༢༠༡༩ལོའི་ཟླ་༩པའི་ཚེས་༡ཉིན་གྱི་ཆུ་ཚོད་༡༢དང་སྐར་མ་༡ནས་འགོ་འཛུགས་རྒྱུ་དང་། གཞན་ཞིག་ནི་སྤྱི་ཟླ་༡༢པའི་ཚེས་༡༥ཉིན་གྱི་ཆུ་ཚོད་༡༢དང་སྐར་མ་༡ནས་བཟུང་འགོ་ཚུགས་ཏེ་ལག་བསྟར་བྱ་རྒྱུའི་གཏན་འཁེལ་བྱས་ཡོད།

རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་སྲོལ་ཨུ་ཡོན་ལྷན་ཁང་གིས་མུ་མཐུད་སྒོ་ཁྲལ་སྤོར་རྒྱུའི་ཨ་རིའི་ཚོང་ཟོག་དབྱེ་བ་འབྱེད་པའི་ལས་དོན་སྤེལ་རྒྱུ་ཡིན་པ་རེད། ཨ་སྒོར་དུང་ཕྱུར་༧༥༠རི་བའི་ཚོང་ཟོག་གསལ་ཐོའི་ཁྲོད། ཞིབ་མཆན་བཀོད་པ་བརྒྱུད་གཏན་འཁེལ་བྱས་པའི་དབྱེ་བ་འབྱེད་རྒྱུའི་ཚོང་ཟོག་དག་དབྱེ་འབྱེད་བྱ་ཐབས་གཞིར་བཟུང་། རང་རྒྱལ་གྱིས་ཨ་རིའི་༣༠༡བྱ་ཐབས་ལ་ཁ་གཏད་གཅོག་ཆེད་སྒོ་ཁྲལ་སྤོར་རྒྱུར་ཐག་བཅད་པ་དག་ལ་སླར་ཡང་སྒོ་ཁྲལ་སྣོན་བསྡུ་བྱ་རྒྱུ་མིན་པ་དང་། མདུན་གྱི་སྣོན་བསྡུའི་རྣམ་གྲངས་གཉིས་ནང་མ་ཚུད་པའི་ཚོང་ཟོག་དག་ཁག་གསུམ་པའི་ནང་འཇུག་པ་བརྒྱུད། དང་ལེན་རེ་ཞུ་བྱ་ཐབས་ལོགས་སུ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་རེད། ཀྲུང་གོའི་ཕྱོགས་ཀྱིས་སྒོ་ཁྲལ་འཐོལ་པ་བསྡུ་རྒྱུའི་བྱ་ཐབས་བཟུང་བ་ནི། ཨ་རིའི་ཕྱོགས་རྐྱང་པའི་རིང་ལུགས་དང་། ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ལ་ཁ་གཏད་གཅོག་པའི་འུ་ཐུག་ཐབས་ཟད་ཀྱི་བྱ་ཐབས་ཤིག་ཡིན། ཀྲུང་གོས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་ངོས་ནས་བརྗོད་ན། མཉམ་ལས་བྱ་རྒྱུ་ནི་ཡང་དག་པའི་གདམ་ག་ཉག་ཅིག་དེ་ཡིན་པ་དང་། མཉམ་རྒྱལ་བྱུང་ན་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་ལ་བསྐྱོད་ཐུབ་རྒྱུ་ཡིན་པ་བསྐྱར་བཤད་བྱ་རྒྱུ་ཡིན། རེ་བར་ཀྲུང་ཨ་ཕྱོགས་གཉིས་པོས་ཕན་ཚུན་བརྩི་བཀུར་དང་། ཕན་ཚུན་འདྲ་མཉམ། བཤད་པར་ཡིད་ཆེས་རུང་བ། ཁ་ནས་བཤད་པ་དང་ལག་ལེན་གཉིས་གཅིག་མཐུན་ཡོང་རྒྱུ་སོགས་སྔོན་འགྲོར་བྱས་ཏེ། ཕྱོགས་གཉིས་ཀས་དང་ལེན་ཐུབ་པའི་བྱ་ཐབས་ཀྱི་ཐོག་ནས་འགལ་ཟླ་ཐག་གཅོད་བྱེད་པ་དང་། དོ་སྙོམས་དང་། ཁོག་ཡངས། མཉམ་རྒྱལ་བཅས་ཀྱི་ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་གི་སྒྲིག་སྲོལ་གསར་པ་ཧུར་ཐག་ངང་འཛུགས་པ། ཐུན་མོང་ཐོག་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་སྲུང་སྐྱོང་དང་སྐུལ་འདེད་གཏོང་བ། འཛམ་གླིང་ཐོག་གི་རྒྱལ་ཁབ་གཞན་དབར་གྱི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

ཀྲུང་ཨ་རྒྱལ་ཁབ་གཉིས་པོས་རྒྱལ་ཁབ་གཉིས་པོའི་འགོ་གཙོའི་ཨ་ཀེན་ཐིང་མཇལ་འཛོམས་ཀྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱེད་ཆེད། སྤྱི་ལོ་༢༠༡༨ལོའི་ཟླ་༡༢པའི་ཚེས་༡༤ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་སྲོལ་ཨུ་ཡོན་ལྷན་ཁང་གིས། སྤྱི་ལོ་༢༠༡༩ལོའི་ཟླ་༡པོའི་ཚེས་༡ཉིན་ནས་བཟུང་། ཨ་རི་ནས་ཐོན་སྐྱེད་བྱས་པའི་རླངས་འཁོར་དང་ལྷུ་ལག་ལ་དུས་ཡུན་ཟླ་བ་གསུམ་རིང་སྒོ་ཁྲལ་འཐོལ་པ་མི་བསྡུ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། སྤྱི་ལོ་༢༠༡༩ལོའི་ཟླ་༣པའི་ཚེས་༣༡ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་སྲོལ་ཨུ་ཡོན་ལྷན་ཁང་གིས། སྤྱི་ལོ་༢༠༡༩ལོའི་ཟླ་༤པའི་ཚེས་༡ཉིན་ནས་བཟུང་། ཨ་རི་ནས་ཐོན་སྐྱེད་བྱས་པའི་རླངས་འཁོར་དང་ལྷུ་ལག་ལ་སྒོ་ཁྲལ་འཐོལ་པ་བསྡུ་མཚམས་འཇོག་རྒྱུ་དང་། སྒོ་ཁྲལ་འཐོལ་པ་བསྡུ་མཚམས་འཇོག་རྒྱུའི་དུས་ཚོད་ལོགས་སུ་བརྡ་ཐོ་གཏོང་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་ཡོད།

སྤྱི་ལོ་༢༠༡༩ལོའི་ཟླ་༥པའི་ཚེས་༩ཉིན། ཨ་རི་སྲིད་གཞུང་གིས་སྤྱི་ལོ་༢༠༡༩ལོའི་ཟླ་༥པའི་ཚེས་༡༠ཉིན་ནས་བཟུང་། ཀྲུང་གོ་ནས་ནང་འདྲེན་བྱ་རྒྱུའི་ཨ་སྒོར་དུང་ཕྱུར་༢༠༠༠རི་བའི་གསལ་ཐོའི་ཚོང་ཟོག་ལ་སྒོ་ཁྲལ་འཐོལ་པ་བསྡུ་བའི་ཁྲལ་ཚད་དེ་བརྒྱ་ཆ་༡༠ནས་༢༥བར་སྣོན་བསྡུ་བྱ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་ཡོད། སྤྱི་ལོ་༢༠༡༩ལོའི་ཟླ་༨པའི་ཚེས་༡༥ཉིན་ནས་བཟུང་། ཨ་རི་སྲིད་གཞུང་གིས། ཀྲུང་གོ་ནས་ནང་འདྲེན་བྱ་རྒྱུའི་ཨ་སྒོར་དུང་ཕྱུར་༣༠༠༠རི་བའི་ཚོང་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༡༠སྤོར་རྒྱུ་ཡིན་པ་དང་། དེ་ཡང་༢༠༡༩ལོའི་ཟླ་༩པའི་ཚེས་༡དང་། ཟླ་༡༢པའི་ཚེས་༡༥ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་ཡོད། ཨ་རིའི་ཕྱོགས་ཀྱི་གོང་གསལ་བྱ་ཐབས་ཀྱིས། ཀྲུང་ཨའི་དཔལ་འབྱོར་ཉོ་ཚོང་འགལ་ཟླ་རྒྱུན་མཐུད་ཛ་དྲག་ཏུ་ཕྱིན་པ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་གྱི་ཨ་ཀེན་ཐིང་གི་ཐུན་མོང་ངོས་འཛིན་དང་ཏ་པན་གྱི་ཐུན་མོང་ངོས་འཛིན་དང་རྒྱབ་འགལ་སོང་ཡོད།

ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་སྲུང་སྐྱོབ་དང་། རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཆེད། ཀྲུང་ཧྭ་མི་དམངས་སྤྱི་ཐུན་རྒྱལ་ཁབ་ཀྱི་འགག་སྒོའི་བཅའ་ཁྲིམས་དང་། ཀྲུང་ཧྭ་མི་དམངས་སྤྱི་ཐུན་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་ཉོ་ཚོང་བཅ འ་ཁྲིམས། ཀྲུང་ཧྭ་མི་དམངས་སྤྱི་ཐུན་རྒྱལ་ཁབ་ཀྱི་ཕྱིར་གཏོང་ནང་འདྲེན་སྒོ་ཁྲལ་སྲོལ་ཡིག་སོགས་ཁྲིམས་ལུགས་ཁྲིམས་སྲོལ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་ལ་གཞིགས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་བ་བརྒྱུད། རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་སྲོལ་ཨུ་ཡོན་ལྷན་ཁང་གིས། སྤྱི་ལོ་༢༠༡༩ལོའི་ཟླ་༡༢པའི་ཚེས་༡༥ཆུ་ཚོད་༡༢དང་སྐར་མ་༡ནས་བཟུང་། ཨ་རི་ནས་ཐོན་སྐྱེད་བྱས་པའི་རླངས་འཁོར་དང་ལྷུ་ལག་ནས་སྒོ་ཁྲལ་བརྒྱ་ཆ་༢༥དང་བརྒྱ་ཆ་༥སྣོན་བསྡུ་བྱ་རྒྱུའི་གཏན་འཁེལ་བྱས་ཡོད།

རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་སྲོལ་ཨུ་ཡོན་ལྷན་ཁང་གིས་མུ་མཐུད་སྒོ་ཁྲལ་སྤོར་རྒྱུའི་ཨ་རིའི་ཚོང་ཟོག་དབྱེ་བ་འབྱེད་པའི་ལས་དོན་སྤེལ་རྒྱུ་ཡིན་པ་རེད། སྒོ་ཁྲལ་སྣོན་བསྡུ་སླར་གསོ་བྱ་རྒྱུའི་རླངས་འཁོར་དང་ལྷུ་ལག་ཚོང་ཟོག་དེ་དག་རེ་ཞུ་ཆོག་པའི་དབྱེ་འབྱེད་ཁྱབ་ཁོངས་ཁག་གསུམ་པའི་ནང་འཇུག་པ་བརྒྱུད། དང་ལེན་རེ་ཞུ་བྱ་ཐབས་ལོགས་སུ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་རེད། ཀྲུང་གོའི་ཕྱོགས་ནས། ཨ་རིའི་ཕྱོགས་ཀྱིས་མུ་མཐུད་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་ཨ་ཀེན་ཐིང་གི་མཇལ་འཛོམས་དང་ཏ་པན་མཇལ་འཛོམས་རིང་བྱུང་བའི་ཐུན་མོང་ངོས་འཛིན་ལ་གཞིགས་ཏེ། གྲོས་བསྡུར་བྱས་པ་བརྒྱུད་འགལ་ཟླ་ཐག་གཅོད་བྱེད་པའི་ཡང་དག་པའི་ལམ་བུའི་ཐོག་ལོག་ནས། ཀྲུང་གོའི་ཕྱོགས་དང་ལྷན་དུ་ཉོ་ཚོང་འགལ་ཟླ་མཚམས་འཇོག་བྱེད་པའི་དམིགས་འབེན་ཆེད་འབད་བརྩོན་ཧུར་ཐག་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།