རྒྱལ་སྤྱིའི་དཔྱད་གླེང་། ༼ དཔྱོད་ཤེས་བཟོད་བསྲན་གྱིས་གནད་འཕིགས་ཁ་གཏད་གཅོག་དགོས༽
སྤེལ་བའི་དུས་ཚོད། : 2019-08-24 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་གོས་ཨ་རིའི་ཕྱོགས་རྐྱང་པའི་རིང་ལུགས་དང་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ལ་ཁ་གཏད་གཅོག་ཆེད། དགོས་ངེས་ཀྱི་ཁ་གཏད་གཅོག་ཐབས་ལག་བསྟར་མི་བྱེད་ཐབས་མེད་དུ་གྱུར་ཡོད། ཨ་རིའི་མི་འགའ་ཤས་ཀྱིས་ཉོ་ཚོང་གི་དབྱུག་པ་ཆེན་མོ་འཕྱར་ནས་ཀྲུང་གོ་དང་ཨ་རིའི་གཙོ་བདག་གིས་ཨ་ཀེན་ཐིང་དུ་ཐུག་འཕྲད་གནང་སྐབས་ཀྱི་གྲོས་མཐུན་དང་ཏ་པན་དུ་ཐུག་འཕྲད་སྐབས་ཀྱི་གྲོས་མཐུན་ལས་ཚབས་ཆེན་འགལ་བ་དང་། གྲོས་བསྡུར་བྱེད་པ་བརྒྱུད་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་འཁོར་ལམ་ལས་ལྡོག་པས་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་གི་འགལ་བ་རྒྱུན་མཐུད་ངང་ཚབས་ཆེ་རུ་ཕྱིན་ཡོད། དེ་ནི་རང་གཞན་གཉིས་ཀར་ཕན་པ་མེད་པ་ཞིག་རེད། ཀྲུང་གོས་ཁ་གཏད་གཅོག་པ་དེ་ཡང་ལུགས་མཐུན་དང་དྲང་བདེན་ཞིག་རེད། དེ་ཡང་ཀྲུང་གོར་བཙན་གནོད་ཇི་ཙམ་བྱས་ཀྱང་མགོ་སྒུར་མི་སྲིད་པ་དང་། ཀྲུང་གོས་ཁ་གཏད་གཅོག་རྒྱུ་ཡིན་ཟེར་ན་གཅོག་ངེས་པ་དེ་བྱ་སྤྱོད་ངོ་མའི་ཐོག་ནས་ར་སྤྲོད་བྱས་པ་ཞིག་རེད།

ཉོ་ཚོང་དམག་འཐབ་ལ་རྒྱལ་ཁ་ཐོབ་མཁན་ཟེར་བ་མེད་པ་དང་། ཀྲུང་གོས་ཁ་གཏད་གཅོག་པའི་བྱ་སྤྱོད་སྤེལ་སྐབས། མི་དམངས་ལྟེ་བར་འཛིན་པ་དང་། ཕྱི་ནང་གཉིས་ཀར་ལྟ་རྟོག་བྱེད་པ། རྒྱལ་ནང་གི་མང་ཚོགས་ཀྱི་ཕན་བདེ་དང་ཁེ་ལས་ཀྱི་ཐེག་ནུས་སོགས་ལ་བསམ་བློ་གང་ལེགས་བཏང་ཡོད། དེར་བརྟེན་ཀྲུང་གོས་མང་ཚོགས་ཀྱི་བདེ་ཐང་དང་འབྲེལ་བའི་ཨ་རི་ནས་ནང་འདྲེན་བྱེད་པའི་ཚོང་ཟོག་སྒོ་ཁྲལ་སྤོར་བའི་མིང་ཐོའི་ནང་བཅུག་མེད། དེའི་ཐོག་ནས་ཀྲུང་གོའི་ཁ་གཏོད་གཅོག་ཐབས་དེ་དཔྱོད་ཤེས་དང་བཟོད་བསྲན་དང་ལྡན་པ་ཞིག་ཡིན་པ་མཚོན་ཐུབ། ཉོ་ཚོང་དམག་འཐབ་ཐད། ཀྲུང་གོས་ལང་ཕྱོགས་གསལ་སྟོན་ཐེངས་མང་བྱས་པ་སྟེ། དེ་ནི་རྒྱག་མི་འདོད་པ་དང་། རྒྱག་རྒྱུར་མི་སྐྲག་པ། དགོས་ངེས་ཀྱིས་སྐབས་མི་རྒྱག་ཐབས་མེད་ཡིན་པ་དེ་རེད། ཐེངས་འདིའི་ཁ་གཏད་གཅོག་ཐབས་འདིས་ཀྲུང་གོའི་རྣམ་འགྱུར་དེར་འགྱུར་བ་ཕྱིན་མེད་པ་མཚོན་ཡོད། ཀྲུང་གོ་དང་ཨ་རིའི་ཉོ་ཚོང་འགལ་ཟླའི་ཐད། ཀྲུང་གོས་མཉམ་ལས་ཀྱི་བྱ་ཐབས་སྤྱད་ནས་ཐག་གཅོད་བྱེད་འདོད་ཡོད། ཡིན་ནའང་རྩ་དོན་ལ་ཐུག་པའི་གནད་དོན་གལ་ཆེ་རིགས་ཐད་ཕྱིར་བཤོལ་སོར་གང་ཡང་བྱེད་མི་སྲིད། སྒོ་ཁྲལ་ལ་བརྟེན་གནོན་ཤུགས་སྤྲད་ན་ཡ་ལན་མཐར་ཕྱིན་པ་བྱས་ཆོག ཨ་རིས་དེའི་ཐད་གོ་བ་ལོག་སྒྲུབ་མ་བྱེད་ཅིག་ཅེས་འཁོད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རྒྱལ་པོ།