ཤང་ཀང་གི་བུད་མེད་ལས་རིགས་ཀྱི་འཐུས་མིས་གཞོན་ནུ་རྣམས་ནས་ཁྱིམ་གཅེས་ཀང་གཅེས་རྒྱལ་གཅེས་བཅས་ཀྱི་བསམ་པ་འཆང་དགོས་པའི་རེ་འབོད་བྱས་པ།
སྤེལ་བའི་དུས་ཚོད། : 2019-08-22 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཟླ་བ་གཉིས་ལྷག་ཙམ་རྒྱུན་མཐུད་པའི་ཁྲིམས་འགལ་གཏུམ་སྤྱོད་བྱེད་སྒོས་ཤང་ཀང་གི་སྤྱི་ཚོགས་ལ་གནོད་འཚེ་ཆེན་པོ་བཟོས་ཡོད་པས། ཤང་ཀང་བུད་མེད་ལས་རིགས་ཀྱི་འཐུས་མིས་གཞོན་ནུ་རྣམས་ནས་གཏུམ་སྤྱོད་ལས་རྒྱང་དུ་གྱེས་ཏེ། ཐུན་མོང་གི་ཁྱིམ་གཞིས་མཉམ་དུ་སྲུང་དགོས་པའི་རེ་འབོད་བྱས་འདུག

ཤང་ཀང་ཁུལ་གྱི་བུད་མེད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཧྥོང་ཞུད་མེ་ཡུན་གྱིས། ང་ཚོས་ཤང་ཀང་ཡག་པོ་ཡོང་ཐབས་བྱ་དགོས། གཏུམ་སྤྱོད་ཀྱི་སྣང་ཚུལ་དག་མཐོང་སྐབས་སེམས་ཁྲལ་འདུག་ལ་སེམས་སྡུག་ཀྱང་འདུག གཏུམ་སྤྱོད་མཚམས་འཇོག་བྱ་རྒྱུའི་རེ་བ་རྩེ་གཅིག་ཏུ་བྱེད་ཀྱི་ཡོད་ཅེས་གསུངས་འདུག

ཤང་ཀང་ཅང་སུའུ་སྤྱི་ཚོགས་ཚོགས་པའི་སྤྱི་ཁྱབ་ཚོགས་པའི་རྒྱུན་ལས་ཚོགས་གཙོ་གཞོན་པ་ཀྲང་ཤིན་གཡུས་ཀྱིས། སློབ་གྲྭ་ཚུགས་གྲབས་ཡོད་པས། བྱིས་པ་རྣམས་ནས་སློབ་སྦྱོང་ཡག་པོ་བྱ་དགོས་པ་དང་། རང་ཉིད་ཀྱི་ཁྱིམ་མི་དང་རང་ཉིད་ཀྱི་མདུན་ལམ་ལ་བསམ་བློ་གཏོང་བ་ལས། ཁྲོམ་ལམ་དུ་ཕྱིན་ནས་གཏུམ་སྤྱོད་བྱ་སྤྱོད་མ་སྤེལ་རོགས། རྒྱུ་མཚན་ནི་ཤང་ཀང་ནི་ང་ཚོ་ཐུན་མོང་གི་ཁྱིམ་གཞིས་ཡིན་པས་རེད། ཁྱེད་ཚོས་ཤང་ཀང་གཏོར་བཤིག་བཏང་ན་ཤང་ཀང་བ་རྣམས་ལ་གྱོང་ཕོག་པ་དང་། རང་ཉིད་ཀྱི་ཁྱིམ་གཞིས་ལ་གཏོར་སྐྱོན་བཟོ་རྒྱུ་རེད་ཅེས་གསུངས་འདུག

ཤང་ཀང་ཁུལ་གྱི་བུད་མེད་མཉམ་འབྲེལ་ཚོགས་པའི་ཁོངས་མིས་ཤང་ཀང་གི་གཞོན་ནུ་རྣམས་ནས་མེས་རྒྱལ་ནང་སར་བལྟ་བར་མང་ཙམ་འགྲོ་རྒྱུ་དང་། རང་ཉིད་ཀྱི་མདུན་ལམ་དང་ལས་དབང་དེ་མེས་རྒྱལ་གྱི་དར་རྒྱས་གོང་འཕེལ་དང་འབྲེལ་བ་བྱ་རྒྱུའི་གྲོས་འགོ་བཏོན་འདུག ཤང་ཀང་ཁུལ་གྱི་བུད་མེད་མཛའ་འབྲེལ་ཚོགས་པའི་ལས་འཛིན་ཞུང་ལུ་ཧྲན་གྱིས། དཔེ་དེབ་ཁྲི་ཕྲག་བཀླག་པ་ལས། ལེ་དབར་སྟོང་ཕྲག་འགྲིམ་པ་ལྷག ཁོང་ཚོས་ཁུག་པ་ཆེན་མོ་ཁུལ་གྱི་གྲོང་ཁྱེར་ཁག་ཏུ་ཕྱིན་ནས་དེ་དག་གི་གོང་འཕེལ་གནས་ཚུལ་ལ་བལྟས་ན་ཡག་པོ་ཡོད། གྲོང་ཁྱེར་མང་པོ་གོང་འཕེལ་ཧ་ཅང་མགྱོགས་པོ་ཡོད། གོ་སྐབས་རང་གི་མདུན་དུ་ཡོད། ཡིན་ནའང་དེ་ཁྱེད་ཀྱིས་དམ་འཛིན་བྱ་དགོས་ཞེས་གསུངས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། དབང་འདུས།