ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་གྲོང་མི་ཚོས་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པ་དང་། སྤྱི་ཚོགས་ཀྱི་སྒྲིག་ལམ་གང་མགྱོགས་སླར་གསོ་ཡོང་རྒྱུར་གཞོགས་འདེགས་བྱེད་དགོས་པའི་རེ་འབོད་བྱས་པ།
སྤེལ་བའི་དུས་ཚོད། : 2019-08-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་དུས་ཤང་ཀང་གི་གཏུམ་སྤྱོད་རྔམ་སྟོན་པས་ཟམ་མི་ཆད་པར་གཏུམ་སྤྱོད་བྱ་སྤྱོད་ཇེ་སྡུག་ཏུ་བཏང་བར་དམིགས་ཏེ། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་མགྲིན་ཚབ་པས་སྤྱི་ཚེས་12ཉིན་གསལ་བསྒྲགས་སྤེལ་ནས། གཏུམ་སྤྱོད་ཀྱི་རྔམ་སྟོན་པས་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་ཀྱིས་ཉེན་དོན་མི་སྣ་དང་གྲོང་མི་གཞན་དག་གི་མི་ལུས་བདེ་འཇགས་ལ་ཉེན་ཁ་ཚབས་ཆེན་བཟོས་ཡོད་པས། སྲིད་གཞུང་ནས་དེའི་ཐད་ཁོང་ཁྲོ་བྱེད་པ་མ་ཟད། ཁ་རྡུང་དྲག་པོ་གཏོང་རྒྱུ་ཡིན། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་གྲོང་མི་ཚོས་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་དགོས་པ་དང་། སྤྱི་ཚོགས་ཀྱི་སྒྲིག་ལམ་གང་མགྱོགས་སླར་གསོ་ཐུབ་རྒྱུར་གཞོགས་འདེགས་བྱེད་དགོས་པའི་རེ་འབོད་བྱས་ཡོད་པ་རེད།

ཤང་ཀང་ཉེན་རྟོག་ཕྱོགས་ཀྱིས་སྤྱི་ཚེས་12ཉིན་བརྡ་ཁྱབ་བཏང་ནས། འདས་ཟིན་པའི་ཉིན་ཁ་ཤས་ཀྱི་ཐལ་སྐྱོད་རྔམ་སྟོན་བྱེད་སྒོའི་ཁྲོད་མི་149འཛིན་བཟུང་བྱས་པ་དང་། ཁོ་ཚོས་ཁྲིམས་འགལ་ཐོག་འདུ་འཛོམས་བྱས་པ་དང་། ཉེན་རྟོག་པར་འཇབ་རྒོལ་བྱས་པ། ཕར་རྒོལ་རང་བཞིན་གྱི་གོ་མཚོན་སྦས་བསྐུངས་བྱས་པ་སོགས་ཀྱི་དོགས་གཞི་ཡོད་པ་རེད། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་ཉེན་རྟོན་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཏེང་བིང་ཆང་གིས། མི་ཞིག་གིས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་སྐབས། ཉེན་རྟོག་པས་ངེས་པར་དུ་ཁྲིམས་འཛིན་བྱ་སྤྱོད་སྤེལ་དགོས་ཞེས་བསྟན་པ་དང་། ཁོང་གིས། རྔམ་སྟོན་པས་སླར་ཡང་གཏུམ་སྤྱོད་བྱ་ཐབས་ཐོག་ནས་ཤང་ཀང་གི་སྤྱི་ཚོགས་སྒྲིག་ལམ་ལ་གཏོར་བཤིག་མི་གཏོང་རྒྱུ་མ་ཟད། སྤྱི་ཚོགས་གང་མགྱོགས་སླར་གསོ་བརྟན་ལྷིང་ཡོང་རྒྱུའི་རེ་འབོད་བྱས་ཡོད་པ་རེད།

ཤང་ཀང་ཉེན་རྟོག་པའི་མཐུན་སྦྱོར་ཀྲུའུ་ཞི་ཁྲེན་མིང་ཏེས། རླངས་སྣུམ་འབར་མདེལ་བེད་སྤྱད་དེ་ཉེན་རྟོག་པར་འཇབ་རྒོལ་བྱས་པ་ནི་ཐལ་སྐྱོད་ཀྱི་གཏུམ་སྤྱོད་བྱ་སྤྱོད་ཞིག་ཡིན་པས། དེ་ནི་གཏན་ནས་དང་ལེན་བྱེད་མི་ཐུབ་པའི་ཚབས་ཆེའི་ཁྲིམས་འགལ་བྱ་སྤྱོད་ཤིག་ཡིན། དོན་དངོས་ཐོག དེ་ནི་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་ཤིག་རེད། ཤང་ཀང་གི་མི་ལུས་ལ་གནོད་འཚེ་གཏོང་བའི་ཉེས་བསགས་སྲོལ་ཡིག་ལ་གཞིགས་ན། མི་ལ་གནོད་འཚེ་ཚབས་ཆེན་བཟོས་པའི་ཉེས་བསགས་བྱ་སྤྱོད་ལ་ཚེ་བཙོན་གྱི་ཁྲིམས་ཆད་གཅོད་ཆོག་གི་ཡོད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མཚམས་གཅོད།