ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་མྱུར་དཔྱད་ཁྲིམས་ལྟར་འཇིགས་སྐུལ་དྲག་སྤྱོད་ལ་ཆད་པ་ནན་མོ་བཅད་ནས་ཤང་ཀང་གི་སྒྲིག་སྲོལ་སླར་གསོ་མཐར་ཕྱིན་པ་བྱེད་དགོས་ཞེས་པ་སྤེལ་བ།
སྤེལ་བའི་དུས་ཚོད། : 2019-08-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ད་ལྟ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་མྱུར་དཔྱད་ཁྲིམས་ལྟར་འཇིགས་སྐུལ་དྲག་སྤྱོད་ལ་ཆད་པ་ནན་མོ་བཅད་ནས་ཤང་ཀང་གི་སྒྲིག་སྲོལ་སླར་གསོ་མཐར་ཕྱིན་པ་བྱེད་དགོས་ཞེས་པ་དེ་ཞུ་རྒྱུ་ཡིན། མྱུར་དཔྱད་ནང་། སྤྱི་ཟླ་༨པའི་ཚེས་༡༡ཉིན། ཤང་ཀང་གི་ཁུལ་མང་པོ་ཞིག་ཏུ་ཡང་བསྐྱར་ཁྲིམས་འགལ་འདུ་ཚོགས་དོན་རྐྱེན་ཐོན་ཡོད། དྲག་ཤུགས་རྔམས་སྟོན་མི་སྣས་སྤྱི་པའི་སྒྲིག་ཆས་གཏོར་བརླག་བཏང་བ་དང་། འགྲིམ་འགྲུལ་བཀག་པ། ཉེན་རྟོག་ལས་ཁུངས་ཀྱི་མཐའ་སྐོར་བ། ད་དུང་དེ་ལས་ཚབས་ཆེ་བ་ནི་ཉེན་རྟོག་མི་སྣར་རླངས་སྣུམ་འབར་མདེལ་འཕེན་ནས། ཤང་ཀང་གི་ཉེན་རྟོག་མི་སྣར་རྨས་སྐྱོན་ཚབས་ཆེན་བཟོས་ཡོད། དེ་ལྟ་བུའི་མི་ལུས་ཀྱི་བདེ་འཇགས་ལ་ཉེན་ཁ་ཚབས་ཆེན་བཟོ་བའི་ཐལ་སྐྱོད་དྲག་ཤུགས་བྱ་སྤྱོད་ནི་མངོན་གསུམ་འཛེམ་མེད་ངང་ལྐོག་གསོད་གཏོང་བ་དང་ཁྱད་པར་མེད་ཅིང་། དེ་ལྟ་བུའི་བྱ་སྤྱོད་ལ་འཇིགས་སྐུལ་རིང་ལུགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་པས། སྨྱོ་ཧམ་ཚད་མེད་བྱེད་པའི་གནས་སུ་སླེབས་ཡོད། དེའི་ཐད་ཤང་ཀང་ལས་རིགས་ཁག་གིས་ཐལ་སྐྱོད་དྲག་ཤུགས་བྱ་སྤྱོད་ལ་རྡུང་རྡེག་མཐར་ཕྱིན་པ་བཏང་ནས། ཤང་ཀང་གི་སྤྱི་ཚོགས་བདེ་འཇགས་དང་སྒྲིག་ལྡན་ཡོང་རྒྱུའི་རེ་བ་ཆེན་པོ་བྱེད་བཞིན་ཡོད་ཅེས་བསྟན་ཡོད།

མྱུར་དཔྱད་ནང་། ཤང་ཀང་ཟང་ཟིང་བཟོ་མཁན་མི་སྣའི་སྨྱོ་སྤྱོད་ལ་ཁ་གཏད་གཅོག་པར། བཟང་སྤྱོད་ལྡན་པའི་ཤང་ཀང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་འཕྱར་བ་གྲུ་འདེགས་དང་། དར་ཆ་གསལ་སྟོན་ངང་ཤང་ཀང་དམིགས་བསལ་ཁུལ་སྲིད་གཞུང་དང་ཉེན་རྟོག་རུ་ཁག་གིས་ཁྲིམས་ལྟར་འཇིགས་སྐུལ་བྱ་སྤྱོད་ལ་ཆད་པ་ནན་མོ་གཅོད་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། སྤྱི་ཚོགས་ཀྱི་སྒྲིག་ལམ་སླར་གསོ་མཐར་ཕྱིན་པ་བྱས་ནས་ཤང་ཀང་དེ་ཉིད་གང་མགྱོགས་བདེ་འཇགས་ཀྱི་གནས་སུ་ལོག་ཐུབ་པ་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།