ཧྲན་ཏུང་དུ་རྒྱ་མཚོའི་རླུང་འཚུབ་ལི་ཆི་མ་ཐེངས་གཉིས་པ་ལྡང་ནས་ཞིང་ཆེན་དང་གྲོང་ཁྱེར་༦གི་མི་འབོར་ས་ཡ་༦དང་༥འབུམ་༡ཁྲིར་གནོད་འཚེ་བཟོས་པ་དང་ས་གནས་ཁག་གིས་ནུས་ཤུགས་ཡོད་རྒུས་ཉེན་སེལ་གནོད་སྐྱོབ་བྱེད་བཞིན་པ།
སྤེལ་བའི་དུས་ཚོད། : 2019-08-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༡༡གི་ཆུ་ཚོད་༡༧བར་སླེབས་སྐབས། རྒྱ་མཚོའི་རླུང་འཚུབ་ལི་ཆི་མ་ལྡང་ནས་ཀྲེ་ཅང་དང་། ཧྲང་ཧའེ། ཅང་སུའུ། ཨན་ཧུའེ། ཧྲན་ཏུང་། ཧྥུ་ཅན་སོགས་ཞིང་ཆེན་དང་གྲོང་ཁྱེར་༦གི་མི་འབོར་ས་ཡ་༦དང་༥འབུམ་༡ཁྲིར་གནོད་འཚེ་བཟོས་པ་དང་། མི་འབོར་ས་ཡ་༡དང་༤འབུམ་༥ཁྲི་༦སྟོང་ཛ་དྲག་གནས་སྤོ་བྱས་ཡོད། ཀྲེ་ཅང་དང་། ཧྲང་ཧའེ། ཅང་སུའུ་སོགས་ཀྱི་མེ་ཟོན་བཀོད་འཐབ་དམག་མི་ཁྲི་༣ལྷག་ཙམ་གྱིས་ཉེན་ཁ་འཕྲད་པ་དང་ཁ་འགྲེམ་གནས་སྤོ་བྱེད་སྐབས་དཀའ་ཚེགས་འཕྲད་པའི་མང་ཚོགས་༦༢༥༧སྐྱོབ་ཡོད་པ་རེད། འཕྲལ་སྒྲུབ་དོ་དམ་པུའུ་དང་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབ་གསོག་ཅུད་ཀྱིས་ཀྲེ་ཅང་གི་གནོད་འཚེ་ཕོག་ཁུལ་དུ་ལྟེབས་རྒྱག་ཉལ་ཁྲི་ཁྲི་༡སོགས་ཀྲུང་དབྱང་གི་གནོད་སྐྱོབ་དངོས་ཟོག་དེ་མུར་གཏོང་སྤྲོད་བྱས་ཡོད་པ་རེད།

ཀྲེ་ཅང་ཞིང་ཆེན་འབྲུབ་འགོག་རླུང་འགོག་ཐན་འགོག་བཀོད་འདོམས་པུའི་གྲངས་གཞི་ལས་མངོན་པར། སྤྱི་ཚེས་༡༡གི་ཆུ་ཚོད་༡༣དང་ཕྱེད་ཀའི་བར་སླེབས་སྐབས། རྒྱ་མཚོའི་རླུང་འཚུབ་ལི་ཆི་མ་ལྡང་པས་ཀྲེ་ཅང་དུ་ཁྱོན་མི་༣༢རྐྱེན་ལམ་དུ་ཤོར་བ་དང་། མི་༡༦གར་སོང་ཆ་མེད་དུ་གྱུར་ཡོད། གནོད་འཚེ་ཕོག་ཤུགས་ཆེ་བའི་ཀྲེ་ཅང་དང་། ཅང་སུའུ། ཨན་ཧུའེ་སོགས་ས་གནས་ཀྱིས་ཉེན་སྐྱོབ་གནོད་སེལ་དང་གནོད་འཚེའི་རྗེས་ཀྱི་ཐོན་སྐྱེད་རང་སྐྱོབ་ལས་དོན་ཧུར་ཐག་ངང་སྒྲིག་འཛུགས་བྱས་ཡོད།

རྒྱ་མཚོའི་རླུང་འཚུབ་ལི་ཆི་མ་ཀྲེ་ཅང་དང་། ཅང་སུའུ། ཨན་ཧུའེ་སོགས་ས་གནས་བརྒྱུད་སྤྱི་ཚེས་༡༡གི་མཚན་མོའི་ཆུ་ཚོད་༨དང་སྐར་མ་༥༠གཡས་གཡོན་དུ་ཧྲན་ཏུང་ཆིང་ཏའོ་གྲོང་ཁྱེར་ཧོང་ཏའོ་ཁུལ་གྱི་རྒྱ་མཚའི་འགྲམ་རྒྱུད་དུ་ལྡང་ཡོད་པ་རེད། རླུང་འཚུབ་ལྡང་ཁུལ་ལྟེ་བའི་ཉེ་འགྲམ་གྱི་རླུང་ཤུགས་རིམ་པ་དགུར་སླེབས་ཡོད། རྒྱ་མཚོའི་རླུང་འཚུབ་ལི་ཆི་མ་ལྡང་ནས་ཆིང་ཏའོ་རུ་ཆར་རླུང་ཆེན་པོ་ཐོན་མེད། འོན་ཀྱང་སྤྱི་ཚེས་༡༠མཚན་མོ་ནས་བཟུང་། ཧྲན་ཏུང་གི་ས་ཆ་མང་པོར་དྲག་ཆར་རྒྱུན་མཐུད་དུ་བབས་ནས་ས་ཁུལ་ཁ་ཤས་སུ་གནོད་འཚེ་ཕོག་པའི་གནས་ཚུལ་ཐོན་ཡོད།

བསྡོམས་རྩིས་བརྒྱབ་པར་གཞིགས་ན། དྲག་ཆར་བབས་པས་ཧྲན་ཏུང་ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཐོན་སྐྱེད་ལ་གནོད་འཚེ་ཕོག་པའི་རྒྱ་ཁྱོན་སྟོང་སྤྱི་ཆིངས་༤༦ལྷག་ཙམ་ཟིན་པ་དང་། སྡོད་ཁང་༡༠༦ཞིག་ལོག་ཐེབས་པ། ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར་༥དང་བྱེ་བ་༤དང་ས་ཡ་༧བཟོས་པ་དང་། དེའི་ཁྲོད་ཞིང་ལས་ཐད་དཔལ་འབྱོར་གྱོང་གུན་ཐེབས་ཚད་སྒོར་དུང་ཕྱུར་༤དང་ས་ཡ་༤ཡིན་པ་རེད། རྒྱ་མཚོའི་རླུང་འཚུབ་ལི་ཆི་མས་བཟོས་པའི་དྲག་ཆར་གནོད་འཚེར་དམིགས་ནས། ཧྲན་ཏུང་གི་ས་གནས་ཁག་དང་ཚན་པ་ཁག་གིས་ཁ་གཏད་ཧུར་ཐག་བཅག་ཡོད། སྤྱི་ཚེས་༡༡ཉིན་གྱི་ཆུ་ཚོད་༡༥དང་ཕྱེད་ཀ་བར་སླེབས་སྐབས། ཝེ་ཧྥང་དང་། ལི་ཡི། རེ་ཀྲའོ་སོགས་གྲོང་ཁྱེར་༡༢ཀྱི་མང་ཚོགས་༡འབུམ་༨༦༨༤ཛ་དྲག་གནས་སྤོ་བྱས་ཡོད།

རྒྱ་མཚོའི་རླུང་འཚུབ་ཀྱི་ཁ་ལོ་བྱང་ཕྱོགས་སུ་བསྒྱུར་བ་དང་བསྟུན། ལི་ཆི་མའི་ཤུགས་ཚད་དལ་བུར་ཆུང་དུ་ཕྱིན་ཡོད། འོན་ཀྱང་དུས་ཡུན་རིང་པོའི་ནང་ཆར་ཆུ་རྒྱུན་མཐུད་བབས་པའི་ཤུགས་རྐྱེན་ཆེན་པོ་སྔར་བཞིན་གནས་སྲིད། སྔོན་དཔག་བྱས་པའི་མཇུག་འབྲས་ལ་བལྟས་ན། འབྱུང་འགྱུར་ཉིན་གསུམ་རིང་། ཧྭ་བྱང་དང། བྱང་ཤར་ས་གནས་ཁག་ཏུ་གཞི་ཁྱོན་ཆེ་བའི་ཆར་ཆུ་བབས་པའི་གནམ་གཤིས་བསྟན་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།