སྤྱི་ཟླ་བཞི་པར་རྒྱལ་དམངས་དཔལ་འབྱོར་གྱི་འཁོར་བསྐྱོད་སྤྱིའི་ཆ་ནས་བརྟན་པོ་ཡོད་པ།
སྤེལ་བའི་དུས་ཚོད། : 2019-05-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་སྤྱི་ཚེས་15ཉིན་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། སྤྱི་ཟླ་བཞི་པར་རྒྱལ་དམངས་དཔལ་འབྱོར་གྱི་འཁོར་བསྐྱོད་རྣམ་པ་ལུགས་མཐུན་རྒྱུན་འཁྱོངས་ཐུབ་ནས། སྤྱིའི་ཆ་ནས་བརྟན་པོ་དང་བརྟན་པོའི་ཁྲོད་ཡར་རྒྱས་ཀྱི་གོང་འཕེལ་རྣམ་པ་ཐོན་ཡོད་པ་རེད།

ཐོན་སྐྱེད་ཐད་ནས་བལྟས་ན། སྤྱི་ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་སྣོན་རིན་ཐང་དུས་མཚུངས་པ་ལས་བརྒྱ་ཆ་6.2འཕར་བ་དང་། འཕར་ཚད་སྔ་ལོའི་ལོ་ཧྲིལ་པོ་དང་མཉམ་ཡོད་པ་རེད།

མཛད་སྤྱོད་ཐད་སྤྱི་ཟླ་བཞི་པར་སྤྱི་ཚོགས་ཀྱི་མཛད་སྤྱོད་བསིལ་ཚོང་སྤྱི་འབོར་དུས་མཚུངས་པ་ལས་བརྒྱ་ཆ་7.2འཕར་བ་དེའི་འཕར་ཚད་ཟླ་བ་གོང་མ་ལས་བརྒྱ་ཆའི་གནས་1.5ཆགས་ཡོད་པ་དང་། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་དབྱེ་ཞིབ་བྱས་པར་ཟླ་བ་བཞི་པར་དུས་ཆེན་དང་ངལ་གསོའི་ཉིན་གྲངས་ཉིན་གཉིས་ཉུང་དུ་ཕྱིན་པའི་རྒྱུ་རྐྱེན་ལ་བསམ་གཞིགས་བྱས་ན། སྤྱི་ཟླ་བཞི་པའི་ནང་སྤྱི་ཚོགས་ཀྱི་མཛད་སྤྱོད་དངོས་པོ་བསིལ་ཚོང་སྤྱི་འབོར་དུས་མཚུངས་པ་ལས་བརྒྱ་ཆ་8.7འཕར་ཡོད་པ་དེ་ཟླ་བ་གོང་མ་དང་གཅིག་མཚུངས་ཡིན་པ་རེད།

མ་འཇོག་ཐད་སྤྱི་ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་དུས་མཚུངས་པ་ལས་བརྒྱ་ཆ་6.1འཕར་སྣོན་བྱུང་བས། འཕར་ཚད་ལོ་གོང་མའི་ལོ་འཁོར་ལས་བརྒྱ་ཆའི་གནས་0.2ཀྱིས་མགྱོགས་པ་ཡོད་པ་རེད།

དོ་སྣང་བྱེད་འོས་པ་ཞིག་ནི། ལས་ཞུགས་དུས་བབ་བརྟན་ལ་ཡག་པ་དང་བརྟག་དཔྱད་བྱས་པ་རྒྱུད་ལས་ཤོར་བྱེད་ཚད་དམའ་རུ་ཕྱིན་ཡོད་པ་རེད། སྤྱི་ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་གནས་ས་ཡ་བཞི་དང་ལྔ་འབུམ་དགུ་ཁྲི་གསར་དུ་ལས་ཞུགས་ཐུབ་ནས་ལོ་ཧྲིལ་པོའི་འཆར་གཞིའི་བརྒྱ་ཆ་42ལེགས་གྲུབ་བྱུང་ཡོད་པ་དང་། ཟླ་བ་བཞི་པར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་བརྟག་དཔྱད་བྱས་པ་རྒྱུད་ལས་ཤོར་བྱེད་ཚད་བརྒྱ་ཆ་ལྔ་ཟིན་པ་དེ་ཟླ་བ་གོང་མ་ལས་བརྒྱ་ཆའི་གནས་0.2དམའ་རུ་ཕྱིན་ཡོད་པ་རེད།

རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གསར་འགྱུར་མགྲིན་འཚབ་པ་ལིའུ་ཨའེ་ཧྭ་ཡིས་སྤྱིའི་ཆ་ནས་བལྟས་ན། སྤྱི་ཟླ་བཞི་པར་རྒྱལ་དམངས་དཔལ་འབྱོར་བརྟན་པོ་དང་བརྟན་པོའི་ཁྲོད་ཡར་རྒྱས་འགྲོ་བའི་གོང་འཕེལ་གྱི་རྣམ་པ་རྒྱུན་མཐུད་ཐུབ་ཡོད། དུས་མཚུངས་སུ་ཕྱི་རོལ་གྱི་འཁོར་ཡུག་སྔར་བཞིན་སྣེ་མང་རྙོག་འཛིང་ཆེ་བས། བརྟན་པོ་མེད་པ་དང་གཏན་འཁེལ་མེད་པའི་རྒྱུ་རྐྱེན་མང་དུ་ཕྱིན་པ་དང་། རྒྱལ་ནང་གི་གོང་འཕེལ་དོ་སྙོམས་མེད་པ་དང་འདང་ངེས་མེད་པ་སོགས་ཀྱི་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡོད་པས་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་གཏོང་བའི་རྨང་གཞི་སྔར་བཞིན་སྲ་བརྟན་དུ་གཏོང་དགོས་ཀྱི་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྒྲོལ་དཀར།