ཨ་ཤེ་ཡ་གླིང་གི་རིག་གནས་དགའ་འཛོམས་དུས་ཆེན་གཏོང་ལ་ཉེ།
སྤེལ་བའི་དུས་ཚོད། : 2019-05-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཨ་ཤེ་ཡ་གླིང་གི་རིག་གནས་དགའ་འཛོམས་དུས་ཆེན་གྱི་འཁྲབ་སྦྱོང་ལེགས་གྲུབ་བྱུང་བ་དང་ཨ་ཤེ་ཡ་གླིང་གི་ཤེས་དཔལ་མེ་ཏོག་རྣམ་པར་བཞད།

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་5པའི་ཚེས་15ཉིན། ཨ་ཤེ་ཡ་གླིང་གི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་ལས་དབང་གཅིག་མཐུན་མ་ལག་ཅེས་པ་བརྗོད་བྱ་གཙོ་བོ་བྱས་པའི་ཨ་ཤེ་ཡ་གླིང་གི་ཤེས་དཔལ་གླེང་མོལ་ཚོགས་ཆེན་པེ་ཅིན་དུ་གཟབ་རྒྱས་ངང་འཚོག་རྒྱུ་ཡིན་པ་རེད། ཨ་ཤེ་ཡ་གླིང་གི་ཤེས་དཔལ་གླེང་མོལ་ཚོགས་ཆེན་གྱི་བྱེད་སྒོ་གལ་ཆེན་གྱི་གྲས་ཤིག་ཡིན་པའི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་གཙོ་གཉེར་བྱས་པའི་ཨ་ཤེ་ཡ་གླིང་གི་དགའ་འཛོམས་དུས་ཆེན་གྱི་འཁྲབ་སྟོན་དེ་ཉིན་དེའི་དགོང་མོ་བྱེའུ་ཚང་ཞེས་བརྗོད་པའི་རྒྱལ་ཁབ་ལུས་རྩལ་ཁང་དུ་འགོ་འཛུགས་རྒྱུ་ཡིན་པ་རེད།

སྤྱི་ཟླ་5པའི་ཚེས་12ཉིན། ཨ་ཤེ་ཡ་གླིང་གི་དགའ་འཛོམས་དུས་ཆེན་འཁྲབ་སྟོན་གྱི་འཁྲབ་སྦྱོང་བྱས་ཤིང་། ཁྲེང་ལུང་(ཀྲུང་གོ་ཤང་ཀང་)དང་། ཀྲང་དབྱི་ཤིང་། ལང་ལང་། ཀྲང་ཅེ། ཁྲེང་ཝེ་ཐིང་(ཀྲུང་གོ་ཤང་ཀང་།)དེ་བཞིན་Rain(ལྷོ་ཁུ་རེ་ཡ།)ཝང་ལི་ཧུང་(ཨ་རི།) ཏུའུ་ཧྲི་ཆིན་ཧ་(ཝེ་ཐེ་ནམ།) ལིན་ཅུན་ཅེ་(སིང་ཀ་ཕོར།)ཨེ་ཏན་ཧོ་ལན་ (དབྱི་སི་རལ།)སོགས་རིག་རྩལ་གྲགས་ཅན་མི་སྣས་གཅིག་རྗེས་གཉིས་མཐུད་ངང་འཁྲབ་སྟོན་གནང་ཡོད། དེ་མིན་དབྱི་ཐ་ལིའི་གླུ་གཞས་མཁས་པ་ཨན་ཏེ་ལེ། པོ་ཆི་ལེ་ནས་ཀྱང་དགའ་འཛོམས་དུས་ཆེན་ཐོག་དོ་ནུབ་གཉིད་དུ་ཡུར་མཁན་མེད་ཅེས་པའི་གླུ་གཞས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པ་རེད། ཐུན་མོང་མིན་པའི་ཡོན་རྩལ་བཏོན་པའི་གསར་གཏོད་ཇུས་འགོད་དང་། རྣམ་པ་འཕྲུལ་བའི་སྒྲ་འོད། སྤྲོ་སེམས་རབ་ཏུ་འཁོལ་བའི་གར་སྟེགས་འཁྲབ་སྟོན་བཅས་ཀྱི་ཁྲོད་དུ་ཚར་དུ་དངར་བའི་ཨ་ཤེ་ཡ་གླིང་གི་ཤེས་དཔལ་མེ་ཏོག་རྒྱལ་ཁབ་ལུས་རྩལ་ཐང་དུ་རྣམ་པར་བཞད་རྒྱུ་ཡིན་པ་རེད།

ཨ་ཤེ་ཡ་གླིང་ནི་མིའི་རིགས་ཀྱི་ཤེས་དཔལ་གྱི་འབྱུང་ཁུངས་གལ་ཆེན་ཡིན་ཞིང་། སྣེ་མང་ཕུན་སུམ་ཚོགས་ཤིང་། ལོ་རྒྱུས་ཡུན་རིང་ལྡན་པའི་ཨ་ཤེ་ཡའི་ཤེས་དཔལ་དེ་འདི་ཕྱོགས་ཀྱི་གར་སྟེགས་ཐོག་སོ་སོའི་ངོ་མཚར་ངོམ་རྒྱུ་ཡིན་པ་རེད། ཨ་ཤེ་ཡ་གླིང་གི་རྒྱལ་ཁབ་ཁག་ནས་ཕེབས་པའི་འཁྲབ་སྟོན་པ་རྣམས་ནས་རང་སོ་སོའི་རྒྱལ་ཁབ་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར་ལེ་ཚན་གྱི་ཐོག་ནས་སྣེ་མང་ཕུན་སུམ་ཚོགས་པའི་ཨ་ཤེ་ཡ་གླིང་གི་ཡུལ་སྲོལ་གོམས་གཤིས་མངོན་པར་བྱས་ཡོད།

འཁྲབ་སྦྱོང་མཇུག་འགྲིལ་རྗེས། གཟིགས་མོ་བ་ཚོས་གཅིག་མཇུག་གཉིས་མཐུད་ངང་། དེ་ནི་ཁྱད་འཕགས་བརྗིད་ཉམས་དང་དར་སྲོལ་འགུལ་ཚོར་གྱི་རྣམ་པ། གནའ་བོའི་ཤེས་དཔལ་དང་འབྱུང་འགྱུར་གྱི་རྣམ་པ་གསར་ཤོས་བཅས་ཕྱོགས་གཅིག་ཏུ་སྡེབ་པའི་གཟབ་རྒྱས་ཆེ་བའི་འཁྲབ་སྟོན་ཞིག་ཡིན་ཞིང་། ང་ཚོས་འདི་གའི་དགའ་འཛོམས་དུས་ཆེན་ཐོག་ནས་ཨ་ཤེ་ཡ་གླིང་གི་ཉམས་འགྱུར་མཐོང་ཐུབ་པ་དང་། དུས་འདིར་ང་ཚོས་གཅིག་སེམས་གཅིག་ཏུ་འབྲེལ་བ་དང་། མཉམ་དུ་འབྱུང་འགྱུར་གླེང་ནས་ཨ་ཤེ་ཡ་གླིང་ལ་དབང་བའི་ཚད་མེད་སྒུལ་ཤུགས་སྐྲུན་ཐུབ་པ་གདོན་མི་ཟ་ཞེས་བརྗོད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།