རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་སྲོལ་ཨུ་ཡོན་ལྷན་ཁང་གིས་སྤྱི་བསྒྲགས་སྤེལ་ཏེ་ཨ་རི་ནས་ཐོན་པའི་ནང་འདྲེན་ཚོང་ཟོག་ཁག་ཅིག་གི་སྒོ་ཁྲལ་ཁྲལ་ཚད་མཐོ་རུ་གཏོང་རྒྱུའི་གཏན་འཁེལ་བྱས་པ།
སྤེལ་བའི་དུས་ཚོད། : 2019-05-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་སྲོལ་ཨུ་ཡོན་ལྷན་ཁང་གིས་སྤྱི་ཚེས་13ཉིན་སྤྱི་བསྒྲགས་སྤེལ་ཏེ། སྤྱི་ལོ་2019ལོའི་ཟླ་5པའི་ཚེས་9ཉིན། ཨ་རི་སྲིད་གཞུང་གིས་སྤྱི་ལོ་2019ལོའི་ཟླ་5པའི་ཚེས་10ཉིན་ནས་བཟུང་། ཀྲུང་གོ་ནས་ནང་འདྲེན་བྱས་པའི་ཨ་སྒོར་དུང་ཕྱུར་2000རི་བའི་རྩིས་ཁྲའི་ཚོང་ཟོག་ལ་སྒོ་ཁྲལ་བསྡུ་བའི་ཚད་གཞི་དེ་བརྒྱ་ཆ་10ནས་25བར་སྤོར་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། ཨ་རིའི་ཕྱོགས་ཀྱི་གོང་གསལ་བྱེད་ཐབས་ཀྱིས་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་འགལ་ཟླ་རིམ་འཕར་བྱུང་བ་དང་། དེས་ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོས་གྲོས་མོལ་བྱས་པ་བརྒྱུད་ཉོ་ཚོང་འགལ་ཟླ་ཐག་གཅོད་བྱ་རྒྱུའི་ཐུན་མོང་ངོས་འཛིན་ལས་རྒྱབ་འགལ་བྱས་ཡོད་ཅིང་། ཕྱོགས་གཉིས་པོའི་ཁེ་ཕན་ལ་གནོད་འཚེ་བཟོས་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་རེ་འགུག་དང་འཚམ་གྱི་མེད་པ་རེད། ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་སྲུང་སྐྱོབ་བྱ་རྒྱུ་དང་། རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱ་ཆེད། ཀྲུང་གོའི་ཕྱོགས་ནས་ཨ་རི་ནས་ཐོན་པའི་ནང་འདྲེན་ཚོང་ཟོག་ཁག་ཅིག་གི་སྒོ་ཁྲལ་མཐོ་རུ་གཏོང་རྒྱུའི་བྱེད་ཐབས་ལེགས་སྒྲིག་མ་བྱེད་ཀ་མེད་ཡིན་ཞེས་བཤད་ཡོད་པ་རེད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་ཉོ་ཚོང་བཅའ་ཁྲིམས་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་སྒོ་ཁྲལ་སྲོལ་ཡིག་སོགས་ཁྲིམས་ལུགས་ཁྲིམས་སྲོལ་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་ལ་གཞིགས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་སྲོལ་ཨུ་ཡོན་ལྷན་ཁང་གིས། སྤྱི་ལོ་2019ལོའི་ཟླ་6པའི་ཚེས་1ཉིན་གྱི་ཐོ་རེངས་ཆུ་ཚོད་༡༢ནས་བཟུང་། སྒོ་ཁྲལ་ཁ་སྣོན་བསྡུ་བའི་ཨ་སྒོར་དུང་ཕྱུར་600རི་བའི་རྩིས་ཐོའི་ཨ་རིའི་ཚོང་ཟོག་ཁྲོད་ཀྱི་ཆ་ཤས་ལ་སྒོ་ཁྲལ་ཁྲལ་ཚད་མཐོ་རུ་བཏང་ཡོད་པ་དང་། དེ་ཡང་ཁག་སོ་སོར་བརྒྱ་ཆ་25དང་། བརྒྱ་ཆ་20 ཡང་ན་བརྒྱ་ཆ་10བཅས་མཐོ་རུ་བཏང་ཡོད། དེའི་གོང་སྒོ་ཁྲལ་བརྒྱ་ཆ་5མཐོ་རུ་བཏང་བའི་བཅའ་ཁྲལ་རྣམ་གྲངས་ཀྱི་ཚོང་ཟོག་ལ་སྔར་བཞིན་མུ་མཐུད་སྒོ་ཁྲལ་བརྒྱ་ཆ་5འཐོལ་པ་བསྡུ་རྒྱུ་ཡིན་པ་རེད།

ཀྲུང་གོའི་ཕྱོགས་ནས་སྒོ་ཁྲལ་འཐོལ་པ་བསྡུ་བའི་བྱེད་ཐབས་ལེགས་སྒྲིག་བྱས་པ་ནི་ཨ་རིའི་ཕྱོགས་ཀྱི་ཕྱོགས་རྐྱང་པའི་རིང་ལུགས་དང་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ལ་ལན་ཆ་བྱས་པ་ཞིག་ཡིན། ཀྲུང་གོའི་ཕྱོགས་ནས། ཨ་རིས་ཕྱོགས་གཉིས་དཔལ་འབྱོར་ཉོ་ཚོང་གྲོས་མོལ་གྱི་ཡང་དག་པའི་འཁོར་ལམ་ཐོག་ལོག་ནས་ཀྲུང་གོ་དང་མཉམ་དུ་འབད་བརྩོན་བྱེད་པ་དང་ཁ་ཕྱོགས་གཅིག་པའི་ཐོག་བསྐྱོད་དེ། ཕན་ཚུན་བརྩི་བཀུར་གྱི་རྨང་གཞིའི་ཐོག་གཉིས་ཕན་མཉམ་རྒྱལ་གྱི་གྲོས་ཆོད་ཅིག་འཇོག་ཐུབ་པའི་བརྩོན་ལེན་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།