ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་རང་བྱུང་ཐོན་ཁུངས་རྒྱུ་ནོར་ཐོན་དབང་ལམ་ལུགས་སྒྱུར་བཅོས་ཀྱི་གཅིག་གྱུར་འཆར་འགོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་ཞེས་པ་དཔར་འགྲེམས་བྱས་པ།
སྤེལ་བའི་དུས་ཚོད། : 2019-04-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས། རང་བྱུང་ཐོན་ཁུངས་རྒྱུན་ནོར་ཐོན་དབང་ལམ་ལུགས་སྒྱུར་བཅོས་ཀྱི་གཅིག་གྱུར་འཆར་འགོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་ཞེས་པ་དཔར་འགྲེམས་བྱས་ཡོད་པ་རེད། བསམ་འཆར་ནང་། རང་བྱུང་ཐོན་ཁུངས་རྒྱུ་ནོར་ཐོན་དབང་ལམ་ལུགས་འཐུས་སྒོ་ཚང་དུ་ཇེ་མགྱོགས་སུ་བཏང་ནས། འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་སྔར་ལས་ལྷག་པ་གཏོང་བ་དང་། མ་ལག་འཐུས་སྒོ་ཚང་བ་དང་། ཚན་རིག་ཚད་ལྡན། འཁོར་རྒྱུག་ནུས་མཐོ་བཅས་ཀྱི་ཀྲུང་གོའི་ཁྱད་ཆོས་ཀྱི་རང་བྱུང་ཐོན་ཁུངས་རྒྱུ་ནོར་ཐོན་དབང་ལམ་ལུགས་གང་མགྱོགས་གྲུབ་པ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་འཐུས་སྒོ་ཚང་དུ་འགྲོ་རྒྱུ་དང་། སྤྱི་ཚོགས་ཀྱི་གཞུང་དྲང་དང་དྲང་བདེན་ལ་སྲུང་སྐྱོང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྱོང་བཅས་བྱ་ཆེད་རྨང་གཞིའི་འདེགས་སྐྱོར་མཁོ་འདོན་བྱེད་དགོས་ཞེས་བསྟན་ཡོད།

བསམ་འཆར་ནང་། སྲུང་སྐྱོབ་སྔོན་ལ་འཇོག་པ་དང་། ལེགས་པ་མཉམ་དུ་བསྡུས་ནས་བེད་སྤྱོད་བྱེད་པ། ཁྲོམ་རས་བཀོད་སྒྲིག སྲིད་གཞུང་གིས་ལྟ་སྐུལ་དོ་དམ་བྱེད་པ། དངོས་པོའི་བདག་དབང་ཁྲིམས་ལུགས་ཀྱིས་གཏན་འཁེལ་བྱེད་པ་དང་། འདྲ་མཉམ་ཐོག་སྲུང་སྐྱོབ་བྱེད་པ། ཁྲིམས་ལྟར་བསྒྱུར་བཅོས་དང་། སྔོན་ལ་ཚོད་ལྟ་བྱེད་པ་བཅས་ཀྱི་གཞི་རྩའི་རྩ་དོན་རྒྱུན་འཁྱོངས་བྱས་ནས། སྤྱི་ལོ་༢༠༢༠ལོར་སླེབས་སྐབས། ཁོངས་གཏོགས་གང་ཡིན་ཁ་གསལ་དང་། འགན་དབང་ཁ་གསལ། སྲུང་སྐྱོབ་ནན་མོ། འཁོར་རྒྱུག་བདེ་བླག ལྟ་སྐུལ་དོ་དམ་ནུས་ལྡན་བཅས་ཀྱི་རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་ཐོན་དབང་ལམ་ལུགས་རྩ་བའི་ཆ་ནས་གྲུབ་ཐུབ་རྒྱུ་དང་། རང་བྱུང་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་པའི་ནུས་པ་དང་དེར་སྲུང་སྐྱོང་བྱེད་ཤུགས་མངོན་གསལ་དོད་པོས་གོང་མཐོར་འགྲོ་བ་བྱས་ཏེ། འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་འགྲོ་རྒྱུ་དང་། རྒྱལ་ཁབ་ཀྱི་འབྱུང་ཁམས་བདེ་འཇགས་དང་ཐོན་ཁུངས་བདེ་འཇགས་ལ་འགན་སྲུང་ཐུབ་པ་བྱེད་པ། མི་དང་རང་བྱུང་ཁམས་ཞི་མཐུན་གོང་འཕེལ་ཡོང་བའི་དེང་རབས་ཅན་གྱི་འཛུགས་སྐྱོང་བྱ་སྟངས་ཤིག་གྲུབ་རྒྱུར་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱ་དགོས་ཞེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།