མ་འོངས་ལོ་གསུམ་རིང་། “སྦགས་མེད་དར་གོས་ལམ་བུའི་ཕོ་ཉའི་འཆར་གཞི་”ཅེས་པས་མི་1500ལྷག་གསོ་སྐྱོང་བྱ་རྒྱུ་ཡིན་པ།
སྤེལ་བའི་དུས་ཚོད། : 2019-04-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། “སྦགས་མེད་དར་གོས་ལམ་བུའི་ཕོ་ཉའི་འཆར་གཞི་”ཅེས་པ་སྤྱི་ལོ་2011ལོ་ནས་ལག་བསྟར་བྱས་ཚུན་“རྒྱུད་གཅིག་ལམ་གཅིག་”འགྲམ་རྒྱུད་རྒྱལ་ཁབ་ཀྱི་ཁོར་ཡུག་དཔོན་རིགས་དང་ཞིབ་འཇུག་མི་སྣ་གསོ་སྐྱོང་ཧུར་ཐག་བྱས་པར། ངོས་འཛིན་རྒྱ་ཁྱབ་བྱུང་ཡོད། མ་འོངས་ལོ་གསུམ་རིང་། འཆར་གཞི་དེས་མི་1500ལྷག་གསོ་སྐྱོང་བྱས་ཏེ། ས་ཁོངས་སྦགས་མེད་ཐན་ཉུང་གི་འཁོར་རྒྱུག་གོང་འཕེལ་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

སྐབས་དེ་དུས་ཁོར་ཡུག་སྲུང་སྐྱོབ་པུའི་པུའུ་ཀྲང་གཞོན་པ་གནང་མཁན་ཀྲོའུ་དབྱིང་རྨིན་གྱིས་སྤྱི་ལོ་2016ལོའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཁོར་ཡུག་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག སྤྱི་ལོ་2011ལོ་ནས་2015ལོའི་བར་ང་ཚོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་སྦྱོང་བརྡར་འཛིན་གྲྭ་ཐེངས་36གཉེར་བ་དང་། རྒྱལ་ཁབ་48ནས་ཡོང་བའི་ཁོར་ཡུག་དཔོན་རིགས་900ལྷག་ཀྲུང་གོར་སློབ་སྦྱོང་བྱེད་པར་སླེབས་ཡོད་པས། ང་ཚོས་སྤེལ་རེས་ལ་ཤུགས་སྣོན་དང་ཐུན་མོང་ངོས་འཛིན་གཅིག་སྡུད་བྱས་ཏེ། སྦགས་མེད་ཀྱི་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱེད་དགོས་ཞེས་ངོ་སྤྲོད་གནང་ཡོད་པ་རེད།

སྐབས་དེ་དུས་“སྦགས་མེད་དར་གོས་ལམ་བུའི་ཕོ་ཉའི་འཆར་གཞི་”ཅེས་པ་དེར་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་སྦགས་མེད་ཕོ་ཉའི་འཆར་གཞི་ཅེས་འབོད་ཀྱི་ཡོད་པ་དང་། རང་རྒྱལ་གྱི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་བར་མཉམ་ལས་བྱེད་པ་འཚོལ་ཞིབ་དང་། ས་ཁོངས་ཁོར་ཡུག་སྲུང་སྐྱོབ་ཀྱི་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ས་ཁོངས་རྒྱུན་མཐུད་དང་སྦགས་མེད་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ལ་འགྱུར་ཡོད་པ་རེད།

སྤྱི་ལོ་2017ལོའི་ཟླ་བ་5པར། “རྒྱུད་གཅིག་ལམ་གཅིག་”གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མཉམ་ལས་འཆར་གཞི་ཅེས་པ་ཡོངས་བསྒྲགས་བྱས་པ་དང་། རིམ་སྤར་པར་གཞི་“སྦགས་མེད་དར་གོས་ལམ་བུའི་ཕོ་ཉའི་འཆར་གཞི་”ཅེས་པ་ནི་དེའི་ཁྲོད་ཀྱི་ནང་དོན་གལ་ཆེན་ཞིག་ཡིན། 《མཉམ་ལས་འཆར་གཞི་》ཅེས་པའི་ནང་། “རྒྱུད་གཅིག་ལམ་གཅིག་”ལ་ཤུགས་སྣོན་རྒྱབ་ཏེ་རྒྱལ་ཁབ་ཀྱི་ཁོར་ཡུག་དོ་དམ་མི་སྣ་དང་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣའི་མཉམ་འགུལ་སྤེལ་རེས་མཉམ་ལས་མཉམ་སྐྲུན་བྱས་ཏེ། འགྲམ་རྒྱུད་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་འདུ་ཤེས་དང་དོ་དམ་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་བཏོན་ཡོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་པུའི་ཕྱི་ཕྱོགས་མཉམ་ལས་དང་སྤེལ་རེས་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཀྲོའུ་གོ་མེ་ཡིས། ཉེ་དུས་རང་ཉིད་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མཉམ་ལས་གཟའ་འཁོར་བྱེད་སྒོར་ཞུགས་མ་ཐག་ཡིན། བྱེད་སྒོར་ཕེབས་པའི་ཕྱི་རྒྱལ་གྱི་ཁོར་ཡུག་དཔོན་རིགས་མི་ཉུང་བ་ཞིག་གིས་སྦགས་མེད་དར་གོས་ལམ་བུའི་ཕོ་ཉའི་འཆར་གཞི་ཅེས་པར་བསྔགས་བརྗོད་གནང་གི་འདུག་ཅེས་དང་། ཁོང་གིས། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་ནས་ཡོང་བའི་འཐུས་མི་མང་པོའི་གྲས་སུ། ཝེ་ཐེ་ནམ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་པུའི་ལས་བྱེད་པ་ཚུད་པ་མ་ཟད། ཁམ་ཕུ་ཁྲེ་དང་ལོ་སི། ཐེ་ལན་བཅས་ཀྱི་རིག་གནས་པ་དང་གཞོན་ནུའི་འཐུས་མི་མང་པོ་ཞིག་གིས་རྣམ་གྲངས་འདི་ལྟ་བུ་བཙུགས་པར་ནུས་པ་ཆེན་པོ་ཐོན་ཡོད་པའི་རྣམ་པ་བསྟན་པ་དང་། ཁོང་རྣམ་པས་ཀྲུང་གོའི་སྦགས་མེད་གོང་འཕེལ་དང་། སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་དེ་དག་དང་ཞིབ་ཕྲའི་བྱ་ཐབས་ཁག་མང་པོ་མཉམ་སྤྱོད་གནང་བ་མ་ཟད། དེ་དག་རང་ཉིད་ཀྱི་རྒྱལ་ནང་དུ་ཁྱེར་ཏེ་སློབ་སྦྱོང་དང་དཔྱད་གཞིར་འཛིན་འདོད་ཡོད་ཚུལ་བསྟན་བྱུང་ཞེས་བསྟན་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་《2019ལོ་ནས་2021ལོའི་བར་གྱི་སྦགས་མེད་དར་གོས་ལམ་བུའི་ཕོ་ཉའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་》ཅེས་པ་གཏན་འབེབས་བྱས་ཟིན་པ་དང་། “རྒྱུད་གཅིག་ལམ་གཅིག་”འགྲམ་རྒྱུད་རྒྱལ་ཁབ་གྱི་ཁོར་ཡུག་དཔོན་རིགས་དང་ཞིབ་འཇུག་མི་སྣ་1500ཙམ་འཆར་གཞིའི་དེའི་ནང་ཞུགས་རྒྱུའི་རེ་བ་ཡོད་པ་རེད། ཀྲོའུ་གོ་མེ་ཡིས། ང་ཚོའི་གྲོས་འགོའི་གདམ་ག་ཧ་ཅང་རྒྱ་ཆེན་པོ་ཡིན་ཞིང་། དེའི་ནང་སྦགས་མེད་གྲོང་ཁྱེར་གྱི་འཛུགས་སྐྲུན་དང་རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་དང་ཆུའི་སྦགས་བཙོག་འགོག་བཅོས་ཚུད་པ་མ་ཟད། ད་དུང་གནོད་མེད་དངུལ་རྩ་དང་། གནོད་མེད་མཁོ་སྤྲོད་སྦྲེལ་ཐག གནོད་མེད་ལག་རྩལ་མཉམ་སྤྱོད་བྱེད་པ་ཡང་ཚུད་ཡོད། དམངས་སེམས་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བའི་སྦགས་མེད་དར་གོས་ལམ་བུའི་ཕོ་ཉའི་འཆར་གཞི་འདི་ང་ཚོས་གསོན་ཤུགས་སྔར་བས་རྒྱས་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། མཚམས་གཅོད།