བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་རྩོམ་ཡིག སྨྱན་སྦྱོར་རུབ་འདུས་གོང་འཕེལ་མགྱོགས་སུ་བཏང་ནས་སྨྱན་སྦྱོར་ཀུན་འཛོམས་བརྒྱུད་སྤེལ་གྱི་རྣམ་པ་ཆགས་པ་བྱེད་དགོས་ཞེས་པ་སྤེལ་རྒྱུ་ཡིན་པ།
སྤེལ་བའི་དུས་ཚོད། : 2019-03-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཟླ་༣ཚེས་༡༦ཉིན་དཔེ་སྐྲུན་བྱ་རྒྱུའི་བདེན་འཚོལ་དུས་དེབ་འདོན་ཐེངས་༦ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གལ་ཆེའི་རྩོམ་ཡིག སྨྱན་སྦྱོར་རུབ་འདུས་གོང་འཕེལ་མགྱོགས་སུ་བཏང་ནས་སྨྱན་སྦྱོར་ཀུན་འཛོམས་བརྒྱུད་སྤེལ་གྱི་རྣམ་པ་གྲུབ་པ་བྱེད་དགོས་ཞེས་པ་སྤེལ་རྒྱུ་ཡིན་པ་རེད།

རྩོམ་ཡིག་ནང་། སྨྱན་སྦྱར་རུབ་འདུས་གོང་འཕེལ་གཏོང་བ་དང་། སྨྱན་སྦྱོར་ཀུན་འཛོམས་འཛུགས་སྐྱོང་བྱ་རྒྱུ་དེ་ང་ཚོར་འཕྲད་པའི་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་ཡིན་པས། ཆ་འཕྲིན་གསར་བརྗེའི་གྲུབ་འབྲས་སྤྱད་ནས་སྨྱན་སྦྱོར་རུབ་འདུས་གོང་འཕེལ་གཏོང་བ་དང་། གཙོ་ཤུགས་གླེང་ཕྱོགས་སྟོབས་ཆེན་བཟོས་ཏེ་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་བརྟན་དུ་བཏང་ཐོག ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་སྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་གྱི་ཕྱིར་བསམ་བློའི་སྟོབས་ཤུགས་དང་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་མཁོ་འདོན་བྱ་དགོས་ཞེས་ནན་བཤད་བྱས་ཡོད།

རྩོམ་ཡིག་ནང་། སྨྱན་སྦྱོར་ཀུན་འཛོམས་དུས་རབས་ཀྱི་འགྲན་རྩོད་དང་གོ་སྐབས་ལ་ངོས་འཛིན་གཏིང་ཟབ་ཡོང་བྱེད་དགོས་པ་དང་། དྲིལ་བསྒྲགས་བསམ་བློའི་ལས་དོན་དེ་ དུས་བབ་ལ་གཞིགས་ནས་དོན་གཉེར་དང་། གནས་བབ་ལ་གཞིགས་ནས་སྒྲུབ་པ། སྐབས་བབ་ལ་གཞིགས་ནས་གཉེར་བ་བཅས་བྱེད་དགོས། སྨྱན་སྦྱོར་རུབ་འདུས་གོང་འཕེལ་མགྱོགས་སུ་བཏང་ནས་གཙོ་ཤུགས་སྨྱན་སྦྱོར་ལ་བརྒྱུད་བསྒྲགས་ཀྱི་ནུས་པ་དང་། ཁྲིད་སྟོན་གྱི་ནུས་པ། ཤུགས་རྐྱེན་ཐེབས་ཤུགས། ཡིད་རྟོན་ནུས་པ་ཆེན་པོ་ཆགས་པ་བྱས་ནས་དྲ་བའི་ཕྱི་ནང་གི་ཐུན་མོང་ཆ་གྲུབ་པ་བྱས་ཏེ་ཕུགས་བསམ་འདུ་ཤེས་དང་། རིན་ཐང་འདུ་ཤེས། ཀུན་སྤྱོད་འདུ་ཤེས་བཅས་ཀྱི་ཐད་མི་དམངས་ཚང་མ་མཐུན་སྒྲིལ་གཅིག་ཏུ་ཡོང་བ་བྱས་ནས་དྲང་ཕྱོགས་ཀྱི་ཤུགས་རྐྱེན་སྔར་བས་ཆེ་བ་དང་། བརྗོད་བྱ་གཙོ་བོ་སྔར་བས་གསལ་བ་ཡོང་བྱེད་དགོས་ཞེས་བཏོན་ཡོད།

རྩོམ་ཡིག་ནང་། སྨྱན་སྦྱོར་མཉམ་འདྲེས་གོང་འཕེལ་གྱི་འཕེལ་ཕྱོགས་དང་ཆོས་ཉིད་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་བྱེད་དགོས། གཞི་གཅིག་ཅན་གྱི་གོང་འཕེལ་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། མཉམ་སྣོན་དུས་མཚམས་ནས་མཉམ་འདྲེས་དུས་མཚམས་སུ་བསྐྱོད་མགྱོགས་སུ་བཏང་ནས། ཤུགས་རྐྱེན་ནུས་པ་དང་འགྲན་རྩོད་ནུས་པ་ཆེན་པོ་ལྡན་པའི་གཙོ་གཟུགས་སྨྱན་སྦྱོར་གསར་པ་ཁག་ཅིག་གཏོད་དགོས། འགུལ་སྐྱོད་སྔོན་ལ་འཇོག་པའི་འཐབ་ཇུས་རྒྱུན་འཁྱོངས་བྱས་ཏེ། གཙོ་གཟུགས་སྨྱན་སྦྱོར་གྱིས་འགུལ་སྐྱོད་བརྒྱུད་བསྒྲགས་ལ་བརྟེན་ནས་གླེང་ཕྱོགས་ལ་ཁྲིད་སྟོན་དང་། བསམ་བློར་སྣེ་ཁྲིད། རིག་གནས་རྒྱུད་འཛིན། མི་དམངས་ལ་ཞབས་ཞུ་བཅས་ཀྱི་བརྒྱུད་བསྒྲགས་ཀྱི་མཐོ་སར་བརྟན་པོ་བཟུང་དགོས། གསར་འགྱུར་བསྡུ་ལེན་དང་། ཐོན་སྐྱེད། བགོ་འགྲེམ། དང་ལེན། ལན་ཆ་བྱེད་པ་བཅས་ཀྱི་ཁྲོད་མི་བཟོས་རིག་ནུས་བེད་སྤྱོད་གཏོང་རྒྱུ་འཚོལ་ཞིབ་བྱས་ནས་གླེང་ཕྱོགས་ཀྱི་ཁྲིད་སྟོན་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས། ཐོན་ཁུངས་གཅིག་བསྡུས་གྲོན་ཆུང་དང་། གྲུབ་ཆ་ལུགས་མཐུན། ཧེ་བག་ལྡན་པའི་གོང་འཕེལ། མཐུན་སྦྱོར་དང་ཕན་ནུས་མཐོ་བ་བཅས་ཀྱི་སྨྱན་སྦྱོར་ཡོངས་ཀྱི་བརྒྱུད་བསྒྲགས་མ་ལག་ཆགས་པ་བྱེད་དགོས། ཁྲིམས་ལྟར་གསར་དར་སྨྱན་སྦྱོར་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་ཞེས་སྟོན་ཡོད་པ་དང་།

རྩོམ་ཡིག་ནང་། སྨྱན་སྦྱོར་མཉམ་འདྲེས་གཏིང་ཟབ་པའི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། མཉམ་འདྲེས་གཅིག་འགྱུར་གྱི་སྨྱན་སྦྱོར་ཡོངས་ཀྱི་བརྒྱུད་བསྒྲགས་གནས་བབ་གང་མགྱོགས་འཛུགས་དགོས། དྲང་ནུས་ནི་སྤྱིའི་བླང་བྱ་ཡིན་པ་དང་དོ་དམ་ཐུབ་པ་ནི་གནས་ལུགས་གཙོ་བོ་ཡིན། བེད་སྤྱོད་ཡག་པོ་བྱེད་པ་ནི་འཇོན་ཐང་ངོ་མ་ཡིན། མཐོ་རིམ་འཆར་འགོད་ཡག་པོ་བྱ་རྒྱུར་དམ་འཛིན་བྱེད་པ་དང་། བརྒྱུད་བསྒྲགས་སྟེགས་བུ་གསར་པ་གཏོད་པ། གཙོ་གཟུགས་སྨྱན་སྦྱོར་གསར་པ་བསྐྲུན་ནས་གཙོ་གཟུགས་རིན་ཐང་གི་ཤུགས་རྐྱེན་ནུས་པ་ལྡན་པའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ་ཏང་གི་སྐད་སྒྲ་བརྒྱུད་བསྒྲགས་དེ་བས་རྒྱ་ཆེ་བ་དང་གཏིང་ཟབ་པ་ཡོང་བ་བྱེད་དགོས། དར་ཆ་གསལ་སྟོན་ངང་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་དང་གླེང་ཕྱོགས་ཁྲིད་སྟོན། རིན་ཐང་ལྟ་བ་བཅས་རྒྱུན་འཁྱོངས་བྱེད་པ་དང་། འདུ་ཤེས་དང་། ནང་དོན། རྣམ་པ། བྱ་ཐབས་སོགས་གསར་གཏོད་བྱེད་པ་བརྒྱུད་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་སྤུས་ཚད་དང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ་བྱེད་དགོས། གཙོ་གཟུགས་སྨྱན་སྦྱོར་གྱིས་དོན་དངོས་དང་མཐུན་པ་དང་། ལྟ་བ་གསལ་སྟོན་གྱི་ཆ་འཕྲིན་ནང་དོན་དུས་ཐོག་ཏུ་མཁོ་འདོན་བྱེད་དགོས་ཞིང་། གླེང་ཕྱོགས་ཀྱི་རང་འགུལ་དབང་ཆ་དང་གཙོ་ཁྲིད་དབང་ཆ་དམ་པོར་བཟུང་དགོས། སྨྱན་སྦྱོར་གྱི་བརྒྱུད་བསྒྲགས་ཁྲིམས་སྐྱོང་གི་ལམ་བུའི་ཐོག་འཁོར་རྒྱུག་བྱེད་དུ་བཅུག་པ་དང་། ལག་རྩལ་གྱིས་དྲ་བ་བཅོས་སྐྱོང་བྱེད་པའི་ནུས་པ་དང་ཆུ་ཚད་ཁྱོན་ཡོངས་ནས་ཆུ་ཚད་མཐོ་རུ་གཏོང་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྨྱན་སྦྱོར་དང་སྤེལ་རེས་བྱེད་པའི་ནུས་པ་ཤུགས་ཆེར་བཏང་ནས། རྒྱལ་སྐྱོང་སྲིད་འཛིན་གྱི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།