སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིན་དུ་མཇུག་འགྲིལ་བ།
སྤེལ་བའི་དུས་ཚོད། : 2019-03-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པ་གྲོས་རིམ་ཁག་ལེགས་གྲུབ་བྱུང་ནས་སྤྱི་ཚེས་༡༥ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེན་མོར་མཇུག་འགྲིལ་བ་རེད།

ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅེ། ཧན་ཀྲང་། ཝང་ཆི་ཧྲན་བཅས་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་མཇུག་འགྲིལ་ཚོགས་འདུར་ཞུགས་པ་མ་ཟད་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཡོད་པ་རེད།

གྲོས་ཚོགས་ལ་ཕེབས་དགོས་པའི་འཐུས་མི་༢༩༧༤ཡིན་པ་དང་༢༩༤༨དངོས་སུ་ཕེབས་པ་དང་། ༢༦ཕེབས་ཐུབ་མེད་ཅིང་། ཚོགས་ཞུགས་མི་གྲངས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།

སྔ་དྲོའི་ཆུ་ཚོད་༩པར། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ལི་ཀྲེན་ཧྲུའུ་ཡིས་ཚོགས་འདུ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།

གྲོས་ཚོགས་ཐོག་བརྡས་ཐག་བཅད་པ་བརྒྱུད། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྲོས་ཚོགས་ཐེངས་གཉིས་པའི་སྲིད་གཞུང་ལས་དོན་སྙན་ཞུ་དང་། སྤྱི་ལོ་༢༠༡༨ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་འགོད་ལག་བསྟར་གནས་ཚུལ་དང་སྤྱི་ལོ་༢༠༡༩ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འཆར་འགོད། སྤྱི་ལོ་༢༠༡༨ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ལག་བསྟར་གནས་ཚུལ་དང་སྤྱི་ལོ་༢༠༡༩ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ། ཆེས་མཐོའི་མི་དམངས་ཁྲིམས་ཀྱི་ལས་དོན་སྙན་ཞུ། ཆེས་མཐོའི་མི་དམངས་ཞིབ་སྤྱོད་ཁང་གི་ལས་དོན་སྙན་ཞུ་བཅས་སྐོར་གྱི་གྲོས་ཆོད་དྲུག་ལ་གྲོས་འཆམ་བྱུང་བ་དང་། ཕྱི་རྒྱལ་ཚོང་པའི་མ་འཇོག་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་བ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་རུང་ཧྲུན་གྱིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་གནས་དགོངས་ཞུ་བྱ་རྒྱུའི་རེ་འདུན་ཁས་ལེན་བྱས་པའི་སྐོར་གྱི་གཏན་འབེབས་ལ་གྲོས་འཆམ་བྱུང་བ་རེད།

ཚོགས་ཆེན་གྱི་གྲོས་རིམ་ཁག་ལེགས་གྲུབ་བྱུང་རྗེས། ལི་ཀྲེན་ཧྲུའུ་ཡིས་གསུང་བཤད་གནང་བ་རེད།

ཆུ་ཚོད་༩དང་སྐར་མ་༢༩ཐོག ལི་ཀྲེན་ཧྲུའུ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པ་མཇུག་འགྲིལ་བའི་ཁྱབ་བསྒྲགས་གནང་བ་རེད། ཚོགས་ཆེན་དེ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་དུ་མཇུག་འགྲིལ་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།