རྒྱལ་ཡོངས་ཀྱི་དཔྱིད་གསར་དུས་ཆེན་ངལ་གསོའི་ཉིན་མཇུག་ཤོས་སུ་ས་གནས་ཁག་ཏུ་འགྲུལ་པ་ཕྱིར་ལོག་གི་མཐོ་རླབས་མུ་མཐུད་འཕྱུར་རྒྱུ་ཡིན་པ།
སྤེལ་བའི་དུས་ཚོད། : 2019-02-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་10ཉིན་སྤྱི་བདེ་པུའི་འགྲིམ་འགྲུལ་དོ་དམ་ཅུད་ཀྱིས་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་ཉིན་མཇུག་ཤོས་སུ། ས་གནས་ཁག་ཏུ་འགྲུལ་པ་ཕྱིར་ལོག་གི་མཐོ་རླབས་འཕྱུར་བ་དང་། མྱུར་བགྲོད་གཞུང་ལམ་གྱི་འགྲིམ་འགྲུལ་འགྲུལ་ཞུད་མུ་མཐུད་གནས་མཐོ་པོའི་འཁོར་སྐྱོད་རྒྱུན་འཁྱོངས་བྱ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། པེ་ཅིན་དང་ཐན་ཅིང་། ཧོ་པེ་བཅས་དང་། འབྲི་ཆུའི་ཟུར་གསུམ་ཁུལ། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ཁུལ། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་བཅས་ཀྱི་འགྲིམ་འགྲུལ་འགྲུལ་ཞུད་གཅིག་བསྡུད་ཡིན་ཞིང་། དེའི་ནང་ཧོ་པེ་དང་ཅང་སུའུ། ཨན་ཧུལ་སོགས་ས་ཁུལ་གྱི་མྱུར་བགྲོད་གཞུང་ལམ་ཁག་ཅིག་གི་ལམ་བུ་ཁ་ཤས་འགྲུལ་ཞུད་བྱེད་མཁན་ཧ་ཅང་མང་བ་དང་གནམ་གཤིས་ངན་པ་བསྟན་པའི་ཤུགས་རྐྱེན། དེ་བཞིན་འགྲིམ་འགྲུལ་དོན་རྐྱེན་ཆུང་གྲས་ཐོན་པ་སོགས་ཀྱི་རྐྱེན་གྱིས། སྤྱི་ཚེས་10ཉིན་གྱི་ཕྱི་དྲོ་སྐབས་ཤིག་རིང་རླངས་འཁོར་གྲལ་འགྲིག་སྟེ་དལ་པོར་འགྲོ་བའི་གནས་ཚུལ་ཐོན་ཡོད་པ་རེད།

སྤྱི་ཟླ་2པའི་ཚེས་10ཉིན་གྱི་ཆུ་ཚོད་18ཐོག་བར་སླེབས་དུས། རྒྱལ་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་དུས་བབ་སྤྱིའི་ཆ་ནས་བརྟན་པོ་དང་བདེ་བླག་བྱུང་བ་དང་། འགྲིམ་འགྲུལ་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས་བརྒྱ་ཆ་53བར་ཆག་པ། ཐེངས་གཅིག་ལ་མི་གསུམ་ཡན་གྲོངས་པའི་དོན་རྐྱེན་དུས་མཚུངས་ལས་ཐེངས་དྲུག་ཉུང་དུ་ཕྱིན་ནས་བརྒྱ་ཆ་38ཆག་པ། ཐེངས་གཅིག་ལ་མི་བཅུ་ཡན་གྲོངས་པའི་དོན་རྐྱེན་ཐོན་མེད་པ་དང་། དེ་དུས་མཚུངས་ལས་ཐེངས་གཅིག་ཉུང་དུ་ཕྱིན་ཡོད་པ་རེད།

གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལས་མངོན་པར། སྤྱི་ཚེས་བཅུ་དང་བཅུ་གཅིག་ཉིན་ནང་སོག་གི་དབུས་ཤར་རྒྱུད་སོགས་ས་ཆར་གངས་ཆུང་བ་ནས་འབྲིང་བ་བབ་རྒྱུའམ་ཡང་ན་གངས་མ་ཆར་བབ་རྒྱུ་རེད། དེར་བརྟེན་སྤྱི་བདེ་པུའི་འགྲིམ་འགྲུལ་དོ་དམ་ཅུད་ཀྱིས། དཔྱིད་གསར་དུས་ཆེན་རིང་ཕྱིར་ལོག་བྱེད་མཁན་རྒྱ་ཆེའི་ཁ་ལོ་བ་ཚོས་་རླངས་འཁོར་གཏོང་སྐབས་སྨུག་པ་འཁྲིགས་པ་དང་ཆར་པ་བབ་པ། གངས་བབ་པ་སོགས་ཀྱི་གནམ་གཤིས་ངན་པ་བསྟན་སྐབས། རླངས་འཁོར་གྱི་མྱུར་ཚད་དལ་དུ་གཏོང་བ་དང་། རླངས་འཁོར་བར་གྱི་བར་ཐག་ཚོད་འཛིན་བྱེད་པ། རླངས་འཁོར་གྱི་གློག་སྒྲོན་སྤར་བ། ཨུ་ཚུགས་ཀྱིས་རླངས་འཁོར་མདུན་མ་ལས་མི་བརྒལ་བ། གློ་བུར་དུ་འཁོར་ལམ་མི་བརྗེ་བ། ཛ་དྲག་ངང་རླངས་འཁོར་གང་བྱུང་དུ་ཁ་མི་བཀག་པ། བདེ་འཇགས་དང་གཟབ་ནན་སྒོ་ནས་རླངས་འཁོར་གཏོང་བ་བཅས་བྱ་དགོས་པའི་དྲན་སྐུལ་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། མཚམས་གཅོད།