དཔྱིད་གསར་སྐབས་གཞི་རིམ་དུ་བསྐྱོད། རི་སྔོ་ཆུ་དྭངས་བར་གྱི་གྲོང་གསེབ་ཀྱི་གཙང་སྦྲ་བ།
སྤེལ་བའི་དུས་ཚོད། : 2019-02-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨན་ཧུའེ་ཞིང་ཆེན་ཀོང་ཏེ་རྫོང་ལྷོ་རྒྱུད་ཀྱི་ལུའུ་ཧུའུ་མཚེའུ་ཡི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ལྔ་ཡོད་ཅིང་། ཀོང་ཏེ་རྫོང་གྲོང་གི་འཐུང་ཆུའི་འབྱུང་གནས་ཡིན་པ་དང་། མཚེའུ་ཡི་རང་གཙང་ནུས་པ་ཞན་པོ་ཡོད་པ་རེད། ལོ་དགུའི་རིང་། མཚེའུའི་འགྲམ་གྱི་གད་སྙིགས་སྒྲུག་མཁན་བགྲེས་སོང་ཐན་ཞན་ཀུའེ་ཡིས། མི་ཆིག་འབུམ་ལྷག་ཙམ་གྱི་འཐུང་ཆུའི་བདེ་འཇགས་དང་འབྲེལ་བ་ཡོད་པའི་མཚེའུ་དེ་འོས་འགན་སྲུང་སྐྱོང་གནང་ཡོད་པ་རེད། ལོ་ལྟར་དཔྱིད་གསར་དུས་ཆེན་རིང་། ཡུལ་གཞན་དུ་ལས་ཀར་འགྲོ་མཁན་རྣམས་རང་ཡུལ་དུ་ལོག་པ་དང་ཆབས་ཅིག་ཐན་ཞན་ཀུའེ་དེ་བས་ཀྱང་བྲེལ་འཚུབ་ཀྱིས་ཁེངས་ཀྱི་ཡོད་ཅིང་། ད་ལོ་ཡང་དེ་ལྟར་ཡིན་པ་རེད།

ཞོགས་པ་ཆུ་ཚོད་དྲུག་པར་ནམ་མ་ལངས་གོང་། ཐན་ཞན་ཀུའེ་ཡིས་སྒོ་ལ་སྒོ་ལྕགས་བརྒྱབ་ནས། བསླས་ཐག་ཁུག་མ་ཞིག་དང་། འཇབ་ཙེ་ཞིག་ཁྱེར་ཏེ་ཁྱིམ་ནས་དོན་གྱི་ཡོད། ཡུལ་མི་རྣམས་ཀྱིས་ཐན་ཞན་ཀུའེ་ལ་བགྲེས་སོང་ཐན་ལགས་ཞེས་འབོད་ཀྱི་ཡོད། སྤྱི་ལོ་༢༠༡༠ལོ་ནས་བཟུང་། དོན་དག་གཞན་དག་གིས་རྐྱེན་པས་ས་གནས་གཞན་ལ་འགྲོ་དགོས་པ་ཕུད། བགྲེས་སོང་ཐན་ལགས་ཀྱིས་གཞི་རྩའི་ཆ་ནས་ལུའུ་ཧུའེ་ཆུ་མཛོད་ཀྱི་འགྲམ་ནས་གད་སྙིགས་སྒྲུག་གི་ཡོད་པ་རེད། ཐོག་མའི་སྐབས་སུ། ཡུལ་མི་མི་ཉུང་བ་ཞིག་གིས་བགྲེས་སོང་ཐན་ལགས་ཀྱིས་གད་སྙིགས་སྒྲུག་པ་ནི་དངུལ་ཕྲན་བུ་རགས་ཐབས་ཀྱི་ཆེད་དུ་ཡིན་པར་སྙམ་གྱི་ཡོད། དུས་ཡུན་རིང་པོ་སོང་རྗེས། ཡུལ་མི་རྣམས་ཀྱིས་ཚུར་བསྡུ་བྱས་ནས་འཚོང་ཐབས་མེད་པའི་གད་སྙིགས་དང་ཁོར་ཡུག་བཙོག་པ་བཟོ་བའི་དངོས་པོ་རྣམས་སྒྲུག་གི་ཡོད་པ་ཤེས་རྟོགས་བྱུང་ཡོད།

ལོ་དགུ་སོང་རིང་། བགྲེས་སོང་ཐན་ལགས་ཀྱིས་ལུའུ་ཧུའེ་མཚེའིུ་མཐའ་སྐོར་གྱི་གད་སྙིགས་བླུགས་སྒམ་འཇོག་ས་རེ་རེ་བཞིན་གསལ་པོ་ཤེས་ཀྱི་ཡོད་པ་རེད། ཡུལ་མི་རྣམས་ཀྱིས་རང་སོ་སོའི་རྣམ་པ་མི་འདྲ་བའི་ཐོག་ནས་བགྲེས་སོང་ཐན་ལགས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། གྲོང་མི་རྣམས་ཀྱིས། དེ་སྔོན་གད་སྙིགས་སྒོ་འགྲམ་དུ་དབྱུག་གི་ཡོད་པས། ང་ཚོ་རང་ཉིད་ངོ་ཚ་པོ་ཡོང་གི་ཡོད་པས། དེ་ནས་བཟུང་རང་འགུལ་ངང་གད་སྙིགས་དབྱེ་བ་འབྱེད་ཀྱི་ཡོད་ཅིང་། ད་ཆ་གད་སྙིགས་གཞི་རྩའི་ཆ་ནས་མཐོང་ཡས་མེད་ཅེས་ཤོད་ཀྱི་ཡོད།

སྤྱི་ལོ་༢༠༡༣ལོའི་ཟླ་༩པར། ཐན་ཞན་ཀུའེ་ཀྲུང་གོའི་མི་བཟང་ཞེས་པར་བདམས་ཐོན་བྱུང་བ་དང་། ཀོང་ཏེ་རྫོང་སྲིད་གཞུང་ནས་ད་དུང་ཁོང་ཆེད་མངགས་མཚེའིུ་མཐའ་སྐོར་དུ་གཙང་སྦྲ་བྱེད་མཁན་ལ་བཀོད་སྒྲིག་བྱས་ཡོད་པ་རེད། ཐན་ཞན་ཀུའེ་ཡིས། ད་ཆ་སྲིད་གཞུང་ནས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་གི་ཡོད། ང་རང་གི་གཟུགས་པོས་ཆོག་ཚེ་ཆུ་མཛོད་ཆེན་པོ་འདི་སྲུང་སྐྱོང་མཐའ་གཅིག་ཏུ་ཞུ་གི་ཡིན་ཞེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།