ཚོང་དོན་པུས་ཀྲུང་གོ་དང་ཨ་རིས་པེ་ཅིང་དུ་དཔལ་འབྱོར་ཉོ་ཚོང་གནད་དོན་ཐད་པུའུ་རིམ་པ་གཞོན་པའི་གྲོས་མོལ་བྱས་ཡོད་ཅེས་བསྟན།
སྤེལ་བའི་དུས་ཚོད། : 2019-01-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཟླ་དང་པོའི་ཚེས་བདུན་ནས་དགུ་ཉིན་བར། ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོས་པེ་ཅིང་དུ་དཔལ་འབྱོར་ཉོ་ཚོང་གནད་དོན་ཐད་པུའུ་རིམ་པ་གཞོན་པའི་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་གཙོ་བདག་བར་བྱུང་བའི་ཐུན་མོང་ངོས་འཛིན་དོན་འཁྱོལ་དང་། ཐུན་མོང་ཐོག་དོ་ཁུར་བྱེད་པའི་ཉོ་ཚོང་གནད་དོན་དང་གྲུབ་གཞིའི་རང་བཞིན་གྱི་གནད་དོན་ཐད་རྒྱ་ཁྱབ་དང་གཏིང་ཟབ། ཞིབ་ཚགས་བཅས་ཀྱི་སྤེལ་རེས་བྱས་ཤིང་། ཕན་ཚུན་བར་བསམ་ཤེས་བྱེད་ཤུགས་ཟབ་ཏུ་བཏང་བས་ཕྱོགས་གཉིས་པོས་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་རྨིང་གཞི་གཏིང་ཡོད། ཕྱོགས་གཉིས་པོས་མུ་མཐུད་འབྲེལ་གཏུག་དམ་ཟབ་བྱ་རྒྱུའི་མོས་མཐུན་བྱས་ཡོད་པ་རེད།

སྤྱི་ཚེས་བཅུ་ཉིན་གྱི་ཕྱི་དྲོ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་ཀའོ་ཧྥོང་གིས། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོས་ཐེངས་འདིའི་གྲོས་མོལ་ནང་རྒྱལ་ཁབ་གཉིས་པོའི་གཙོ་བདག་བར་བྱུང་བའི་ཐོན་མོང་ངོས་འཛིན་དོན་འཁྱོལ་དང་། ཐུན་མོང་ཐོག་དོ་ཁུར་བྱེད་པའི་ཉོ་ཚོང་གནད་དོན་དང་གྲུབ་གཞིའི་རང་བཞིན་གྱི་གནད་དོན་ཐག་གཅོད་བྱ་རྒྱུའི་ཐད་རྒྱ་ཁྱབ་དང་གཏིང་ཟབ། ཞིབ་ཚགས་བཅས་ཀྱི་སྤེལ་རེས་བྱས་ཤིང་། ཕན་ཚུན་བར་བསམ་ཤེས་བྱེད་ཤུགས་ཟབ་ཏུ་བཏང་ནས་ཕྱོགས་གཉིས་པོས་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་ཟུར་གསལ་གནང་བ་དང་། ཀའོ་ཧྥོང་གིས། གྲུབ་གཞིའི་རང་བཞིན་གྱི་གནད་དོན་ནི་ད་ཐེངས་གྲོས་མོལ་བྱེད་པའི་ནང་དོན་གཙོ་བོ་ཡིན་པ་དང་། ཕྱོགས་གཉིས་པོས་ཁྱབ་ཁོངས་འདིའི་ཐད་གྲོས་མོལ་བྱས་པར་འཕེལ་རིམ་ཐོན་ཡོད་ལ། ཕན་ཚུན་བར་བསམ་ཤེས་བྱ་རྒྱུ་ཤུགས་ཆེར་སོང་བའི་ཁར་ཕྱོགས་གཉིས་པོས་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་རྨང་གཞི་གཏིང་ཡོད་ཅེས་ངོ་སྤྲོད་གནང་ཡོད།

གྲོས་མོལ་དུས་ཡུན་ཉིན་ཕྱེད་ནར་འགྱང་བཏང་བའི་ཐད། ཀའོ་ཧྥོང་གིས། དུས་ཡུན་རིང་པོ་མགོར་བ་དེའི་ཐོག་ནས་ཕྱོགས་གཉིས་པོས་གྲོས་མོལ་ཐད་འཛིན་པའི་རྣམ་འགྱུར་ནི་དོ་ནན་ཞིང་། ནན་ཏན་དང་ཟོལ་མེད་ཡིན་པ་མཚོན་ཐུབ། ཚང་མས་རྒྱལ་ཁབ་གཉིས་པོའི་གཙོ་བདག་བར་བྱུང་བའི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱེད་པའི་ཐད་འབད་བརྩོན་བྱེད་བཞིན་ཡོད་ཅེས་དང་། ཀའོ་ཧྥོང་གིས། གྲོས་ཆོད་གང་ཞིག་ཡིན་རུང་དེའི་ལག་བསྟར་སྒྲིག་གཞི་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་པས་ཕྱོགས་གཉིས་པོར་ལག་བསྟར་བྱེད་པའི་འོས་འགན་ཡོད། གོམ་སྟབས་རྗེས་མར་ཕྱོགས་གཉིས་པོའི་ཚོགས་པས་མཉམ་དུ་འབད་བརྩོན་བྱས་ཏེ་སྔོན་གཏན་འཁེལ་བའི་འཆར་གཞི་ལྟར་གྲོས་མོལ་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་རེད་ཅེས་ནན་སྟོན་གནང་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།