སྤྱི་ལོ་༢༠༡༨ལོའི་རང་རྒྱལ་གྱི་ཟོག་གོང་བརྟན་པོའི་ཐོག་ཅུང་ཟད་འཕར་བ་དང་། ལོ་འགོར་བཏིང་བའི་སྙོམས་སྒྲིག་དམིགས་འབེན་ལེགས་གྲུབ་ཐུབ་པ་དང་། དབྱེ་ཞིབ་མི་སྣས། ཟོག་གོང་ཆུ་ཚད་རྒྱུན་མཐུད་བརྟན་པོའི་ཁྲོད་གནས་ཐུབ་པའི་ངོས་འཛིན་བྱས་འདུག
སྤེལ་བའི་དུས་ཚོད། : 2019-01-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༠ཉིན་རྒྱལ་ཁབ་སྡོམ་རྩིས་ཅུད་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། སྤྱི་ལོ་༢༠༡༨ལོའི་ཟླ་བ་༡༢པར། རྒྱལ་ཡོངས་གྲོང་མིའི་འཛད་སྤྱོད་རིན་གོང་དུས་མཚུངས་ལས་༡.༩%འཕར་བ་དང་། འཕར་ཚད་ཟླ་བ་གོང་མ་ལས་བརྒྱ་ཆའི་གནས་ཀླད་ཀོར་དང་གྲངས་ཆུང་གསུམ་ཆག་ཡོད། ན་ནིང་ལོ་ཧྲིལ་པོའི་ནང་རྒྱལ་ཡོངས་ཀྱི་གྲོང་མིའི་འཛད་སྤྱོད་རིན་གོང་དུས་མཚུངས་ལས་༢.༡%འཕར་བ་དང་། ལོ་འགོར་བཟོས་པའི་ཟོག་གོང་༣%ནང་སྙོམས་སྒྲིག་བྱེད་པའི་དམིགས་ཚད་ལེགས་གྲུབ་ཐུབ་ཡོད་པ་རེད།

དབྱེ་ཞིབ་མི་སྣས། ཕྱོགས་ཁག་གི་སྲིད་ཇུས་ཕྱོགས་བསྡུས་ལག་བསྟར་བྱས་པ་དང་བསྟུན་ནས། ཟོག་གོང་ཆུ་ཚད་མུ་མཐུད་བརྟན་པོར་གནས་རྒྱུའི་རེ་བ་ཡོད་པའི་ངོས་འཛིན་བྱས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁོག་དཔལ་འབྱོར་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཀྲང་ལི་ཆུན་གྱིས། ད་ལོའི་དུས་ཚིགས་དང་པོའི་ནང་ང་ཚོས་སྲིད་ཇུས་ཁག་དོན་འཁྱོལ་བྱེད་པ་དང་། དཔལ་འབྱོར་འཕར་ཤུགས་ཆག་པའི་གནོན་ཤུགས་ཏན་ཏིག་སེལ་བས། དཔལ་འབྱོར་རྒྱུན་མཐུད་ལུགས་མཐུན་གྱི་བར་ཁམས་སུ་གནས་ཐུབ་པའི་འགག་རྩའི་དུས་མཚམས་རྒྱུན་འཁྱོངས་ཐུབ་ཡོད། མ་འོངས་པའི་དུས་ཚིགས་ཁ་ཤས་ནང་ངས་བལྟས་ན་ནང་མཁོ་རིམ་བཞིན་བསྐྱར་གསོ་ཐུབ་ནས། ཁྲོམ་རའི་ཕྱིར་འཚོང་རྣམ་པ་རིམ་བཞིན་ལེགས་སུ་འགྲོ་རྒྱུ་རེད་ཅེས་བསྟན་གནང་ཡོད།

བཟོ་ལས་ཐོན་རྫས་ཀྱི་གོང་ཚད་སྐོར་ལ། སྤྱི་ལོ་༢༠༡༨ལོའི་ཟླ་བ་༡༢པའི་ནང་། རྒྱལ་ཡོངས་ཀྱི་བཟོ་ལས་ཐོན་སྐྱེད་བྱེད་མཁན་གྱི་བཟོ་གྲྭ་ལས་དོན་དུས་ཀྱི་གོང་ཚད་དུས་མཚུངས་ལས་༠.༩%འཕར་བ་དང་། རྒྱུན་མཐུད་ཟླ་བ་༢༨ནང་འཕར་སྣོན་འགྲོ་རྒྱུ་མངོན་འགྱུར་བྱུང་བ་དང་། ན་ནིང་ལོ་ཧྲིལ་པོའི་ནང་བཟོ་ལས་ཐོན་སྐྱེད་བྱེད་མཁན་གྱི་བཟོ་གྲྭ་ལས་དོན་དུས་ཀྱི་གོང་ཚད་ལོ་གོང་མ་ལས་༣.༥%འཕར་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།