བཟོ་ལས་དང་ཆ་འཕྲིན་ཅན་པུའི་པུའུ་ཀྲང་མེའོ་ཝེ་ཡིས། བཟོ་སྐྲུན་རྒྱལ་ཁབ་སྟོབས་ཆེན་དང་དྲ་བའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་མགྱོགས་སུ་གཏོང་དགོས་ཞེས་བསྟན་པ།
སྤེལ་བའི་དུས་ཚོད། : 2019-01-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉིན་ཤས་གོང་བཟོ་ལས་དང་ཆ་འཕྲིན་པུའི་པུའུ་ཀྲང་མེའོ་ཝེ་ཡིས་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། བཟོ་སྐྲུན་ལས་རིགས་ཀྱི་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ད་ལོ་དམ་བཟུང་བྱ་དགོས་པའི་ལས་འགན་གཙོ་བོ་གལ་ཆེ་ཤོས་སུ་བརྩི་རྒྱུ་དེ་ནི། ཀྲུང་གོའི་དཔལ་འབྱོར་སྤུས་ཚད་ལེགས་པའི་འཕེལ་རྒྱས་གཏོང་བ་དང་། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་ཞིག་ཡིན་ཞེས་བསྟན་གནང་བ་དང་། ཁོང་གིས། ཀྲུང་གོར་རྒྱལ་ནང་གི་ཁྲོམ་ར་རྒྱ་ཆེན་པོ་དང་། ཐོན་ལས་མ་ལག་ཆ་ཚང་བ། རྒྱུན་ཆད་མེད་པར་སྟོབས་ཇེ་ཆེར་འགྲོ་བའི་བཟོ་སྐྲུན་ནུས་པ། སྟབས་བདེའི་རྨང་གཞིའི་སྒྲིག་བཀོད་དང་ཚོང་གཉེར་ཁོར་ཡུག་བཅས་ཡོད་པས། རྙོག་འཛིང་ཆེ་བའི་ཕྱི་ཕྱོགས་ཁོར་ཡུག་ལས་བཟོས་པའི་འགྲན་རྩོད་ལ་ཁ་གཏད་གཅོག་པའི་ནུས་པ་འདང་ངེས་ཡོད་པའི་ངོས་འཛིན་གནང་ཡོད།

ཁོང་གིས། ང་ཚོས་དམིགས་ཚད་མ་ལག་དང་། སྲིད་ཇུས་མ་ལག་གཅིག་གཏན་འཁེལ་བྱ་དགོས་ལ། དཔྱད་ཞིབ་གདེང་འཇོག་མ་ལག་ཀྱང་གཏན་འཁེལ་བྱ་དགོས། ཚོད་ལྟ་ཁང་གི་ཐོན་རྫས་ནས་བཟོ་གྲྭའི་ཐོན་རྫས་ལ་འགྱུར་བའི་བར་གྱི་ཐུན་མོང་གི་འགག་རྩའི་ལག་རྩལ་གྱི་ཞན་ཆ་དང་སྐྱོན་ཆ་སེལ་དགོས་པ་དང་། སྒྲུབ་ཆ་ལེགས་སྒྲིག་སྔར་ལས་ལྷག་པ་བྱེད་པ། འཕེལ་རྒྱས་གཏོང་ཐབས་བརྗེ་སྒྱུར་བྱ་དགོས་ཞེས་དང་། ད་ལོ་ནས་བཟུང་། རྗེས་མའི་ལོ་གཉིས་ནང་ང་ཚོས་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་ཐོན་ནུས་ཉུང་གཏོང་གི་དམིགས་ཚད་ད་དུང་ལེགས་གྲུབ་ཐུབ་མེད་པའི་ཞིང་ཆེན་ལ་རྒྱབ་སྐྱོར་བྱ་རྒྱུ་རེད། རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་བཏང་ནས། ད་ལྟ་གཏན་ལ་འཁེལ་བའི་དམིགས་འབེན་གཞིར་བཟུང་ལས་འགན་ལེགས་གྲུབ་བྱ་དགོས། ཕྱོགས་གཞན་ཞིག་ནས་ང་ཚོས་འཕེལ་རྒྱས་ཀྱི་ཁོར་ཡུག་སྔར་ལས་ལེགས་པ་ཞིག་གཏོད་ནས། ལྷུག་གཏོང་དང་། དོ་དམ། ཞབས་ཞུ་བཅས་ཀྱི་སྒྱུར་བཅོས་ལ་མུ་མཐུད་ནས་སྐུལ་འདེད་གཏོང་བ་དང་ཆབས་ཅིག ཕྱི་ཕྱོགས་ལ་སྒོ་དབྱེ་རྒྱུ་སྔར་བས་རྒྱ་ཆེར་གཏོང་དགོས་ཞེས་བསྟན་གནང་ཡོད།

མེའོ་ཝེ་ཡིས་ད་དུང་། སྒུལ་སྐྱོད་འཕྲིན་གཏོང་གི་རྨང་གཞིའི་སྒྲིག་བཀོད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྟེ་བའི་ནུས་པ་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། ན་ནིང་ལོ་མཇུག་ཏུ། བཟོ་ལས་དང་ཆ་འཕྲིན་ཅན་པུས་ཀྲུང་གོ་གློག་འཕྲིན་དང་། ཀྲུང་གོ་སྒུལ་འཕྲིན། ཀྲུང་གོ་ལན་ཐུང་བཅས་ལ་ཐོན་ལྔ་པའི་འཕྲིན་གཏོང་༥Gཡི་ཚོད་ལྟའི་འགུལ་ཚད་སྤྱོད་པའི་ཆོག་མཆན་སྤྲད་ཟིན་ཡོད་ཅེས་ནན་སྟོན་གནང་བ་དང་། མེའོ་ཝེ་ཡིས། བཟོ་ལས་དང་ཆ་འཕྲིན་ཅན་པུས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་བཀོད་སྒྲིག་གཞིར་བཟུང་། ༥G ཚོང་ལས་ལ་སྤྱོད་རྒྱུ་མགྱོགས་སུ་བཏང་ནས། གྲོང་ཁྱེར་མང་པོ་ཞིག་ཏུ་གནས་སྐབས་ཀྱི་ལག་ཁྱེར་སྤྲད་པ་དང་། གཞི་ཁྱོན་ཆེ་བའི་ཚོགས་ཆུང་དྲ་བས་གྲོང་ཁྱེར་ཁ་ཤས་ཀྱི་ས་ཁུལ་དུ་མངོན་འགྱུར་བྱུང་ཡོད། སྔོན་དཔག་བྱས་ན་ད་ལོའི་ལོ་སྨད་དུ། ཚོང་ལས་ཀྱི་བེད་སྤྱོད་ལྡན་པའི་ཐོན་རྫས་ལ་འགྱུར་རྒྱུ་ཡིན་པ་སྟེ། ༥Gལག་ཐོགས་ཁ་པར་དང་། Padཁྲོམ་རར་བསྐྱོད་ཐུབ་རྒྱུ་རེད་ཅེས་བསྟན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།