ཧན་ཀྲེང་སྨན་བཅོས་འགན་སྲུང་ལས་དོན་བཞུགས་མོལ་ཚོགས་འདུར་ཞུགས་པ།
སྤེལ་བའི་དུས་ཚོད། : 2019-01-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༠ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་སྨན་བཅོས་འགན་སྲུང་ལས་དོན་བཞུགས་མོལ་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་ཁྲིད་དགོངས་པ་སློབ་སྦྱོང་དང་དོན་འཁྱོལ་ནན་ཏན་གནང་བ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་གནང་བ། གོམ་སྟབས་རྗེས་མའི་སྨན་བཅོས་འགན་སྲུང་ལས་དོན་ཐད་ཞིབ་འཇུག་བཀོད་སྒྲིག་གནང་ཡོད་པ་རེད།

ཧན་ཀྲེང་གིས། རྒྱལ་ཁབ་སྨན་བཅོས་འགན་བཅོལ་དོ་དམ་ཅུས་བཙུགས་པ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཏོན་པའི་བཀོད་ཇུས་གལ་ཆེན་ཞིག་ཡིན། རིམ་ཁག་སྨན་བཅོས་འགན་བཅོལ་ཚན་པས་འགན་འཁྲིའི་བསམ་པ་ཆེ་རུ་བཏང་ཐོག ལས་ཁུངས་བསྒྱུར་བཅོས་ཀྱི་གོ་སྐབས་དམ་འཛིན་བྱས་ནས། གཅིག་གྱུར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་དང་ནད་གཞི་ཆེ་རིགས་ཀྱི་འགན་བཅོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱབ་ནས། གཅིག་གྱུར་ངང་ལས་གཉེར་དོ་དམ་དང་ཞབས་ཞུ་སྒྲུབ་པའི་ལས་དོན་ཡག་པོ་བསྒྲུབ་དགོས་པ་དང་། སྨན་བཅོས་འགན་བཅོལ་ཐེབས་རྩའི་བདེ་འཇགས་འགན་ལེན་བྱེད་པ། ལམ་ལུགས་གཞུང་དྲང་དང་རྒྱུན་མཐུད་ཡོང་རྒྱུར་སྐུལ་འདེད་གཏོང་བ། མི་དམངས་མང་ཚོགས་ཀྱི་སྨན་བཅོས་འགན་སྲུང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་ཡོད་པ་དང་།

ཧན་ཀྲེང་གིས། སྨན་བཅོས་འགན་བཅོལ་ཐེབས་རྩ་ནི་མི་དམངས་མང་ཚོགས་ཀྱི་སྲོག་སྐྱོབ་དངུལ་ཡིན་པས། མགོ་བསྐོར་བཏང་ནས་འགན་བཅོལ་དངུལ་གཡོ་ལེན་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་དགོས་པ་དང་། གང་མགྱོགས་སྨན་བཅོས་འགན་བཅོལ་ཐེབས་རྩའི་ལྟ་སྐུལ་དོ་དམ་གྱི་ཕུགས་ཕན་སྒྲིག་གཞི་འཛུགས་དགོས། གཞི་རྩ་འགན་སྲུང་རྒྱུན་འཁྱོངས་བྱས་ཐོག་སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་ཐད་ཀྱི་གསལ་ཐོའི་ལམ་ལུགས་གང་མགྱོགས་བཟོ་དགོས་པ་དང་། གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་མ་རྩ་གྲབས་གསོག་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ། སྨན་བཅོས་འགན་བཅོལ་ཐེབས་རྩ་ཡུན་རིང་བརྟན་པོ་དང་སྐྱོན་བྲལ་ངང་ཁོར་རྒྱུག་ཐུབ་པའི་རྨང་གཞི་བརྟན་དུ་གཏོང་དགོས། རྒྱལ་ཁབ་ཀྱིས་སྒྲིག་འཛུགས་བྱས་ཏེ་སྨན་རྫས་གཅིག་བསྡུས་ཉོ་སྒྲུབ་དང་བེད་སྤྱོད་བྱེད་པའི་ཚོད་ལྟའི་ལས་དོན་ཡག་པོ་སྤེལ་ནས། མང་ཚོགས་ཀྱི་སྨན་རིན་ཁུར་པོ་ཏན་ཏིག་ངང་ཡང་དུ་གཏོང་དགོས། སྨན་བཅོས་འགན་བཅོལ་ནང་ཚུད་པའི་སྨན་རྫས་ཀྱི་དཀར་ཆག་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། འགན་སྲུང་གཙོ་གནད་མངོན་གསལ་དོད་དུ་བཏང་སྟེ། སྲོག་སྐྱོབ་མྱུར་སྐྱོབ་ཀྱི་སྨན་ཡག་པོ་དེ་བས་མང་བ་སྨན་བཅོས་འགན་བཅོལ་ནང་ཚུད་པ་བྱེད་དགོས། སྨན་བཅོས་འགན་བཅོལ་གྱི་དངུལ་གཏོང་སྤྲོད་བྱེད་སྟངས་ལ་བསྒྱུར་བཅོས་གཏིང་ཟབ་བཏང་ནས། སྨན་བཅོས་ཞབས་ཞུ་དང་སྨན་རྫས་ཁྲོམ་ར་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་ཁྲིད་སྟོན་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས། ཚད་གཞི་མཐོ་པོའི་ངང་རྒྱལ་ཡོངས་གཅིག་གྱུར་དང་། ནུས་པ་ཆེ་བ། མཉམ་ཤོང་། སྟབས་བདེ་བཅས་ཀྱི་ཆ་འཕྲིན་མ་ལག་འཛུགས་དགོས་པ་དང་། ཆ་འཕྲིན་ཅན་གྱིས་སྨན་བཅོས་འགན་བཅོལ་ཁོར་རྒྱུག་དང་། དོ་དམ། ཞབས་ཞུ་བཅས་ལ་ཐོན་པའི་འདེགས་སྐྱོར་ནུས་པ་ཆེ་རུ་གཏོང་དགོས། ཁྱོན་ཡོངས་ནས་ཏང་ནན་པོས་བཅོས་རྒྱུའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ་དང་། མ་ལག་གསར་པའི་རྣམ་པ་གསར་པ་འཛུགས་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

བཞུགས་མོལ་ཚོགས་འདུའི་ཐོག རྒྱལ་ཁབ་སྨན་བཅོས་འགན་བཅོལ་དོ་དམ་ཅུས་ཀྱི་འགན་འཁུར་མི་སྣས་སྙན་ཞུ་གནང་ཡོད་པ་དང་། སྤྱི་བདེ་པུའུ་དང་། འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཐན་ཅིན་དང་ཧྲང་ཧད། ཧྥུ་ཅན། ཁྲུང་ཆིང་། ལེའོ་ཉིང་། ཡུན་ནན་བཅས་ཞིང་ཆེན་དང་གྲོང་ཁྱེར་དྲུག་གི་སྨན་བཅོས་འགན་བཅོལ་དོ་དམ་ཅུས་ཀྱི་འགན་འཁུར་མི་སྣས་གཏམ་བཤད་སྤེལ་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།