འགག་སྒོ་སྤྱི་ཁྱབ་ཁང་གིས་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྤྱི་འབོར་ན་ནིང་གི་ལོ་ཧྲིལ་བོ་ལས་བརྒལ་ཞིང་། དུས་མཚུངས་དང་བསྡུར་ན་བརྒྱ་ཆ༡༥ཉེ་བ་ཙམ་འཕར་ཡོད་ཅེས་བཤད་པ།
སྤེལ་བའི་དུས་ཚོད། : 2018-12-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། འགག་སྒོ་སྤྱི་ཁྱབ་ཁང་གིས་ཉེ་དུས་ཆ་འཕྲིན་སྤེལ་བར། སྤྱི་ཟླ་༡༡པའི་ཟླ་དཀྱིལ་བར་དུ། རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྤྱི་འབོར་ན་ནིང་གི་ལོ་ཧྲིལ་བོ་ལས་བརྒལ་ཞིང་། དུས་མཚུངས་དང་བསྡུར་ན་བརྒྱ་ཆ་༡༥ཙམ་འཕར་ཡོད་པ་རེད། དེའི་ཐད། ཚོང་དོན་པུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཀོ་ཧྥེང་གིས། ད་ལོ་ནས་བཟུང་། རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་འཕར་སྣོན་ཙུང་ཙམ་མགྱོགས་སུ་སོང་བ་དང་། བརྟན་ཐོག་ཡར་འཕེལ་གྱི་འཕེལ་ཕྱོགས་སྔར་བས་སྲ་བརྟན་དུ་ཕྱིན་ཡོད། འདི་ནི་རྒྱུ་རྐྱེན་རིགས་མང་པོ་ཞིག་གི་སྣེ་ཁྲིད་འོག་ནས་བྱུང་བའི་མཇུག་འབྲས་ཡིན་ཏེ། དཔེར་ན། རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་གི་གསར་གཏོད་འཕེལ་རྒྱས་ཀྱི་སྒུལ་ཤུགས་འགྱུར་ཚད་ཇེ་མགྱོགས་སུ་ཕྱིན་པ་དང་། རྒྱལ་སྤྱིའི་ཁྲོམ་རའི་དགོས་མཁོ་ཇེ་མང་དུ་སོང་བ། རྒྱལ་ནང་གི་དཔལ་འབྱོར་བརྟན་ཐོག་ཡར་ཐོན་གྱིས་ནང་འདྲེན་བྱེད་ཚད་རྒྱུན་མཐུད་འཕར་སྣོན་བྱུང་བར་བྱས་པ། སྲིད་ཇུས་ཀྱི་ཕན་ནུས་སྔར་བས་མངོན་པ་ལྟ་བུ་ཡིན་ཞེས་གསུངས་ཡོད་པ་རེད།

ཀོ་ཧྥེང་གིས། འཕེལ་ཕྱོགས་ལས་མཐོང་ཐུབ་པ་ནི། རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་གི་ཁྲོམ་ར་རྒྱུ་མང་ཅན་གྱི་གོམ་སྟབས་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་པ་དང་། ཁྲོམ་ར་རེ་གཉིས་ཀྱི་འགྱུར་ལྡོག་གིས་ཕྱི་ཕྱོགས་ཉོ་ཚོང་ཧྲིལ་བོའི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ལ་ཐེབས་པའི་ཤུགས་རྐྱེན་ཆུང་བ། ལྷག་པར་དུ་རང་རྒྱལ་གྱི་ནང་འདྲེན་གྱི་མི་མངོན་པའི་སྟོབས་ཤུགས་རིམ་བཞིན་འདོན་སྤེལ་བྱེད་བཞིན་ཡོད་པ་དང་། རྒྱལ་སྤྱིའི་སྟེང་ཧ་ལམ་འབྱུང་སྲིད་པའི་གཏན་འཁེལ་མིན་པ་དང་གཏན་འཇགས་མིན་པའི་རྒྱུ་རྐྱེན་དང་། ད་དུང་རང་རྒྱལ་གྱི་ཁེ་ལས་ལ་ཧ་ལམ་འཕྲད་སྲིད་པའི་དཀའ་ཁག་ཁ་ཤས་ཐད། མུ་མཐུད་ནས་ལྷུག་གཏོང་དང་། དོ་དམ། ཞབས་ཞུ་བཅས་གསུམ་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས། ཉོ་ཚོང་སྟབས་བདེ་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། ཕྱིར་གཏོང་ནང་འདྲེན་གྱི་ཁེ་ལས་ཀྱི་མ་རྩ་དམའ་རུ་གཏོང་བ། ཉོ་ཚོང་གི་ལས་རྣམ་གསར་བ་གསོ་སྐྱོང་ནུས་ལྡན་བྱེད་པ། ཁྲོམ་ར་རྒྱུ་མང་ཅན་ལ་ སྐུལ་འདེད་སོགས་ཀྱི་བྱ་ཐབས་བརྒྱུད། རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་སྤུས་ཚད་མཐོ་བོའི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།