རླབས་ཆེའི་འཕོ་འགྱུར་ཏེ་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་༤༠འཁོར་བར་རྟེན་འབྲེལ་ཞུ་བའི་འགྲེམས་སྟོན་ཆེན་མོར་སླེབས་པའི་མི་གྲངས་ས་ཡ་གཅིག་ལས་བརྒལ་བ།
སྤེལ་བའི་དུས་ཚོད། : 2018-12-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རླབས་ཆེའི་འཕོ་འགྱུར་ཏེ་ སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་༤༠འཁོར་བར་རྟེན་འབྲེལ་ཞུ་བའི་འགྲེམས་སྟོན་ཆེན་མོ་འགོ་ཚུགས་ཚུན་དུ། རྒྱ་ཆེའི་མང་ཚོགས་ཀྱི་ཚང་ཁ་བཤིག་བཤིག་ངང་ལྟ་སྐོར་བྱེད་པར་སླེབས་ཡོད། སྤྱི་ཚེས་༦ཉིན་བར་སླེབས་དུས། འགྲེམས་སྟོན་ཆེན་མོ་དེ་སྤྱི་དམངས་ལ་ཉིན་༢༢སྒོ་དབྱེ་ཡོད་པ་དང་། ས་ཡུལ་དངོས་སུ་ལྟ་སྐོར་ལ་ཡོང་མཁན་གྱི་མིའི་ཐེངས་གྲངས་ས་ཡ་གཅིག་ལས་བརྒལ་ཡོད་པ་རེད།

འགྲེམས་སྟོན་ཆེན་མོ་དེས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་ཞེས་པའི་བརྗོད་བྱ་གཙོ་བོ་དམ་པོར་བཟུང་ནས། དོན་ཆེན་དང་། གལ་ཆེའི་དོན། དགའ་འོས་པའི་དོན་བཅས་ལ་གཅིག་བསྡུས་བྱས་ཏེ། ལྟ་ཕྱོགས་མང་བ་དང་ཁྱོན་ཡོངས་ཀྱི་སྒོ་ནས་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་༤༠རིང་ཐོབ་པའི་རླབས་ཆེའི་གྲུབ་འབྲས་དང་རྩ་ཆེའི་ཉམས་མྱོང་གཅིག་བསྡུས་ཐོག་འགྲེམས་སྟོན་བྱས་ཡོད། འགྲེམས་སྟོན་ཆེན་མོ་དེས་སྒྱུར་བཅོས་ཀྱི་མ་ལག་རང་བཞིན་ལ་དམ་པོར་གཞིགས་ཏེ། མང་ཚོགས་ཀྱི་མྱོང་ཚོར་ལ་བསམ་གཞིགས་བྱས་ཏེ། མང་ཚོགས་དང་། འཚོ་བ། རིག་གནས། སྒྲུང་གཏམ་བཅས་འབུར་དུ་ཐོན་པའི་སྒོ་ནས་མངོན་པར་བྱས་ཡོད་ལ། ལོ་རྒྱུས་ཀྱི་གཏིང་ཟབ་ཚོར་བ་དང་། མང་ཚོགས་ཀྱི་ཐོབ་ཚོར། གོང་འཕེལ་གྱི་གྲུབ་འབྲས་ཚོར་བ། སྤྱི་ཚོགས་གསར་པ་དང་རྙིང་པའི་བར་བསྡུར་བ་བཏང་བའི་ཚོར་བ་བཅས་འགྲེམས་སྟོན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། གཅིག་བསྡུས་ཐོག་རང་རེའི་ཏང་གི་རིག་པའི་གཞུང་ལུགས་དེ་ཡང་དག་པ་དང་། ཏང་ཀྲུང་དབྱང་གི་གཏན་འཁེལ་གནང་བའི་སྒྱུར་བཅོས་སྒོ་འབྱེད་བྱེད་པའི་ལམ་ཕྱོགས་དང་བྱེད་ཕྱོགས་དེ་ཡང་དག་པ་ཡིན་པ། སྒྱུར་བཅོས་སྒོ་འབྱེད་ཀྱི་འཐབ་ཇུས་བཀོད་སྒྲིག་རང་དང་རིམ་པ་དེ་ཡང་དག་པ་ཡིན་པ། ལོ་རྒྱུས་རིང་ཚད་དང་། རིག་གནས་ཀྱི་གཏིང་ཚད། བརྩེ་དུང་གི་དྲོད་ཚད་བཅས་ལ་ཤུགས་ཆེར་བཏང་ནས། གཏིང་ཟབ་པའི་བསམ་བློའི་རང་བཞིན་ཆེད་སྒྱུ་རྩལ་གྱི་མངོན་སྟངས་ཡག་ཤོས་དེ་འཚོལ་ཞིབ་བྱས་ཡོད་པ་རེད།

འགྲེམས་སྟོན་ཆེན་མོའི་ནང་མངོན་པའི་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུའི་འོད་སྟོང་འབར་བའི་ལོ་རྒྱུས་འཕེལ་རིམ་ཀྱིས་ས་ཕྱོགས་གང་ས་ནས་ཕེབས་པའི་མི་དང་། ལས་རིགས་ཁག་གི་མི་རྣམས་ལ་སྔར་བས་བརྟན་པོའི་སྒོ་ནས་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཡིད་ཆེས་དང་སེམས་ཤུགས་བརྟན་དུ་གཏོང་བ་དང་། ཁོ་ཚོས་སྤྲོ་སེམས་འཁོལ་བའི་ཡིག་ཐོག་དྲན་འཆར་འགོད་ནས། འགྲེམས་སྟོན་ལ་བལྟས་ཚར་རྗེས་ཀྱི་བརྩེ་སེམས་མཚོན་པར་བྱས་ཏེ། རླབས་ཆེའི་མེས་རྒྱལ་ལ་སྨོན་འདུན་ཞུས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།