རང་རྒྱལ་ངར་ལྕགས་ལས་རིགས་ཀྱི་ཐོན་ནུས་ཉུང་འཕྲིའི་ལས་འགན་སྤྱིའི་ཆ་ནས་ལེགས་གྲུབ་ཟིན་པ།
སྤེལ་བའི་དུས་ཚོད། : 2018-12-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༥ཉིན་ཧེ་པེ་ཞིང་ཆེན་ཆིང་ཧོང་ཏེའོ་གྲོང་ཁྱེར་དུ་གཉེར་བའི་༢༠༡༩ལོའི་རྒྱལ་ཡོངས་རྡོ་སོལ་ཚོང་འདུས་ཐོག ཀྲུང་གོ་ངར་ལྕགས་བཟོ་ལས་མཉམ་སྦྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཁྲེ་ཅིང་ཏུང་གིས། རང་རྒྱལ་ངར་ལྕགས་བཟོ་ལས་ཀྱི་ཐོན་ནུས་ཉུང་འཕྲིའི་ལས་འགན་སྤྱིའི་ཆ་ནས་ལེགས་གྲུབ་ཟིན་པ་དང་། ནུས་རྒྱུ་གྲོན་ཆུང་གི་ཆུ་ཚད་མཐོ་ཏུ་ཕྱིན་པ་བསྟན་ཡོད།

ཁྲེ་ཅིང་ཏུང་གིས་ཟུར་གསལ་བྱས་པར་གཞིགས་ན། རྒྱལ་ཡོངས་ངར་ལྕགས་བཟོ་ལས་བརྟན་པོའི་ཁྲོད་ཡག་ཏུ་ཕྱིན་པའི་འཕེལ་ཚུལ་གསལ་པོ་མངོན་ཡོད། ད་ལོའི་ཟླ་བ་༡པོ་ནས་༡༠པའི་བར། རྒྱལ་ཡོངས་ཀྱི་ཁྲོ་ལྕགས་དང་བཙོ་སྦྱང་བྱས་མེད་པའི་ངར་ལྕགས་ཀྱི་ཐོན་འབོར་ཁག་སོ་སོར་ཏུན་དུང་ཕྱུར་༦དང་བྱེ་བ་༤དང་ས་ཡ་༥དང་ཏུན་དུང་ཕྱུར་༧དང་བྱེ་བ་༨དང་ས་ཡ་༢ཡིན་པ་དང་། དུས་མཚུངས་དང་བསྡུར་ན་ཁག་སོ་སོར་བརྒྱ་ཆ་༡དང་གྲངས་ཆུང་༧དང་བརྒྱ་ཆ་༦དང་གྲངས་ཆུང་༤འཕར་སྣོན་ཕྱིན་ཡོད་པ། ངར་ལྕགས་ལས་རིགས་ཀྱི་དཔལ་འབྱོར་ཕན་འབྲས་མངོན་གསལ་དོད་པོས་ཡག་ཏུ་ཕྱིན་ནས། བརྟན་པོའི་ཁྲོད་ཡག་ཏུ་འགྲོ་རྒྱུའི་དམིགས་འབེན་མངོན་འགྱུར་བྱུང་ཡོད་པས། ཉེ་བའི་ལོ་ངོ་ཉི་ཤུའི་རིང་གི་ངར་ལྕགས་བཟོ་ལས་ཀྱི་དཔལ་འབྱོར་ཁེ་ཕན་མཐོ་ཤོས་ཀྱི་ལོ་ཞིག་ཡིན། ཐོན་ནུས་ཉུང་འཕྲིའི་ལས་འགན་སྤྱིའི་ཆ་ནས་ལེགས་གྲུབ་ཟིན་པ་དང་། ངར་ལྕགས་ལས་རིགས་ཀྱི་ནུས་རྒྱུ་གྲོན་ཆུང་གི་འཕེལ་རིམ་མགྱོགས་སུ་ཕྱིན་ཡོད། ༢༠༡༦ལོ་ནས་བཟུང་། ངར་ལྕགས་ལས་རིགས་ཀྱིས་ངར་ལྕགས་ཐོན་འབོར་ཏུན་དུང་ཕྱུར་༡དང་བྱེ་བ་༥ཙམ་ཐག་གཅོད་བྱས་པ་དང་། ཏུན་དུང་ཕྱུར་༡དང་བྱེ་བ་༤ཡི་ཕན་མེད་ངར་ལྕགས་ཁྱོན་ཡོངས་ནས་མེད་པ་བཟོས་པས། དེས་ནུས་རྒྱུ་ཟད་གྲོན་ཆེ་བ་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་ཆུ་ཚད་དམའ་བ། ཐོན་སྐྱེད་ནུས་ཤུགས་དམའ་བ་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་པ་དང་། ངར་ལྕགས་ལས་རིགས་འབག་མེད་གོང་འཕེལ་འགྲོ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་གཡུ་སྒྲོན།