སྐབས་བཅུ་གཉིས་པའི་ཀྲུང་གོའི་མཁའ་སྐྱོད་འགྲེམ་སྟོན་འགོ་ཚུགས་པ།
སྤེལ་བའི་དུས་ཚོད། : 2018-11-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྐབས་བཅུ་གཉིས་པའི་ཀྲུང་གོའི་མཁའ་སྐྱོད་འགྲེམ་སྟོན་སྤྱི་ཙེས་6ཉིན་འགོ་ཚུགས་པ་དང་། རྒྱལ་ཁབ་དང་ས་ཁུལ་43གྱི་འགྲེམ་སྟོན་ནང་ཞུགས་མཁན་ཚོང་འགྲུལ་༧༧༠འགྲེམ་སྟོན་ནང་ཞུགས་ཡོད་པ་རེད། ཚར་གཅོད་20རྟགས་ཅན་དང་། སྐྱེལ་འདྲེན་20རྟགས་ཅན། ཚར་གཅོད་10Bརྟགས་ཅན་གྱི་འདེད་ཤུགས་ཕྱོགས་ཚད་ཞིབ་བཤེར་གནམ་གྲུ་སོགས་ལྗིད་འདེགས་གནམ་གྲུའི་རིགས་འགྲེམ་སྟོན་ཐོག་མངོན་པ་མ་ཟད་འཕུར་སྐྱོད་ཁྱད་རྩལ་འཁྲབ་སྟོན་བྱས་ཡོད་པ་རེད།

ཐེངས་དང་པོ་ཕྱོགས་ཚད་སྒུལ་བྱེད་འཕྲུལ་འཁོར་བསྒར་བའི་ཚར་གཅོད10Bརྟགས་ཅན་གྱིས་འགྲེམ་སྟོན་ཁུལ་དུ་དུག་སྦྲུལ་ཀླད་ཁྲ་ཅན་གྱི་འཕྲུལ་སྒུལ་དང་། ཐོ་བ་ར་མགོ་ཅན་གྱི་འཕྲུལ་སྒུལ། ཚངས་ཕྱེད་མེད་པའི་སྒུལ་འཕྲུལ་ཞེས་པ་བཅས་འགུལ་སྟངས་གཙོ་བོའི་འཁྲབ་སྟོན་རྣམ་གྲངས་གསུམ་བྱས་ཡོད་པ་རེད། དམག་དོན་རིགས་གཅིག་མཁས་པ་ཧྥུ་ཆན་ཧྲའོ་ཡིས་10Bརྟགས་ཅན་གྱིས་ངོ་མཚར་ཆེ་བའི་འཁྲབ་སྟོན་བྱས་པ་དེའི་ཐོག་ནས། རང་རྒྱལ་འདི་ཉིད་ཨ་རི་དང་། ཨུ་རུ་སུའི་རྗེས་སུ་ཕྱོགས་ཚད་ལག་རྩལ་ཁོང་དུ་ཆུད་མཁན་རྒྱལ་ཁབ་ཨང་གསུམ་པ་དེ་ཡིན་པ་གསལ་བཤད་ཐུབ་ཡོད་ཅེས་གསུངས་ཡོད་པ་རེད།

དེ་མིན་ད་དུང་འགྲེམ་སྟོན་ཐོག་མངོན་ཐེངས་དང་པོ་ཡིན་པ་ནི། ཀྲུང་གོའི་ཚོང་འཕུར་ཀུང་སིས་ཨུ་རུ་སུའི་མཉམ་འབྲེལ་མཁའ་སྐྱོད་བཟོ་སྐྲུན་ཚོགས་པ་དང་ལྷན་དུ་ཞིབ་བཟོ་བྱས་པའི་CR929རྟགས་ཅན་གྱི་ཐག་རིང་ཞེང་ཚད་ཆེ་བའི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་ཀྱི་དཔེ་དབྱིབས་གནམ་གྲུ་ཡིན་ཞིང་། དེ་ནི་ CR929རྟགས་ཅན་གྱི་བསྡུར་ཚད་གཅིག་དང་གཅིག་ཡིན་པའི་གནམ་གྲུའི་དཔེ་དབྱིབས་རྒྱལ་སྤྱིའི་ཐོག་འགྲེམ་ཐེངས་དང་པོ་ཡིན་པ་རེད། ཀྲུང་གོའི་བཟོ་སྐྲུན་ཁང་གི་ཡོན་ཧྲི། རྒྱལ་སྲིད་སྤྱི་ཁྱབ་ཁང་གནམ་གྲུ་ཆེ་གྲས་རིགས་གཅིག་མཁས་པ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀྲང་ཡན་ཀྲུང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། CR929རྟགས་ཅན་གྱི་གནམ་གྲུའི་ཐོག་ནས་ང་ཚོ་དངོས་སུ་ཞེང་ཚད་ཆེ་བའི་གནམ་གྲུ་ཞིབ་བཟོ་བྱེད་པའི་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད་ཅེས་ངོ་སྤྲོད་གནང་ཡོད་པ་རེད།

དེ་མིན་ད་དུང་ཚར་གཅོད་20རྟགས་ཅན་གྱི་གནམ་གྲུ་སླར་ཡང་མཁའ་སྐྱོད་འགྲེམ་སྟོན་ཐོག་མངོན་ཡོད་ཅིང་། གནམ་གྲུ་གསུམ་དཔུང་སྒྲིག་གཅིག་བྱས་པའི་རྣམ་པའི་ཐོག་ནས་འགུལ་སྟངས་རབ་དང་རིམ་པའི་འཁྲབ་སྟོན་བྱས་ཡོད་པ་རེད། ཚར་གཅོད་20རྟགས་ཅན་གྱི་སྤྱི་ཁྱབ་ཇུས་འགོད་པ་ཡང་ཝེ་ནས། མ་འོངས་པར་ཚར་གཅོད་20རྟགས་ཅན་གྱི་གནམ་གྲུ་སྔར་བས་སྤུས་ལེགས་སུ་འགྱུར་རྒྱུ་རེད་ཅེས་ངོ་སྤྲོད་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། དབང་འདུས།