དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་རྒྱལ་གྱི་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་དུས་མཚུངས་ལས་བརྒྱ་ཆ་༡༠དང་གྲངས་ཆུང་༥འཕར་བ།
སྤེལ་བའི་དུས་ཚོད། : 2018-11-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རང་རྒྱལ་གྱི་ཞབས་ཞུ་ནང་འདྲེན་གྱི་སྙན་ཞུ་ཐོག་མ་དེ་སྤྱི་ཚེས་༦ཉིན་ཡོངས་བསྒྲགས་བྱས་ཡོད་པ་རེད། གྲངས་གཞི་ལས་མངོན་པར། ན་ནིང་རང་རྒྱལ་གྱི་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་བྱེད་པའི་གཞི་ཁྱོན་དེ་གོ་ལ་ཧྲིལ་པོའི་ཨང་གཉིས་པར་སླེབས་ཡོད་པ་རེད། ཀྲུང་གོའི་ཞབས་ཞུ་ནང་འདྲེན་གྱི་སྙན་ཞུའི་ནང་། མིག་སྔར། རང་རྒྱལ་དེ་ཉིད་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཉོ་ཚོང་གི་རྒྱལ་ཁབ་ཆེན་མོའི་གྲས་སུ་སླེབས་ཡོད། ན་ནིང་རང་རྒྱལ་གྱི་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་བྱེད་པའི་སྤྱི་འབོར་ཨ་སྒོར་དུང་ཕྱུར་༦༩༥༧ཟིན་པ་དང་། དེའི་ཁྲོད་ནས་ནང་འདྲེན་བྱེད་ཚད་ཨ་སྒོར་དུང་ཕྱུར་༤༦༧༦ཟིན་པ་དེ་བརྒྱ་ཆ་༣དང་གྲངས་ཆུང་༤འཕར་ཡོད་པ་དང་གཞི་ཁྱོན་གོ་ལ་ཧྲིལ་པོའི་ཨང་གཉིས་པར་སླེབས་ཡོད་ཅེས་འཁོད་ཡོད་པ་རེད།

སྙན་ཞུའི་ནང་། སྤྱི་ལོ་༢༠༠༨ལོར་དངུལ་རྩའི་ཉམས་ཉེན་ཐོན་རྗེས། རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཉོ་ཚོང་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པ་དང་། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་གྲངས་གཞིར་གཞིགས་ནས་ཚོད་རྩིས་རྒྱབ་ན། སྤྱི་ལོ་༢༠༠༨ལོ་ནས་༢༠༡༣ལོ་བར། རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་ཞབས་ཞུ་ནང་འདྲེན་འཕར་སྣོན་ཡོང་རྒྱུར་ལེགས་སྐྱེས་འབུལ་ཚད་བརྒྱ་ཆ་༢༡དང་གྲངས་ཆུང་༥ཟིན་ཡོད་པ་དང་། རིམ་རྩིས་བྱས་ན་གོ་ལ་ཧྲིལ་པོའི་ཞབས་ཞུ་ནང་འདྲེན་འཕར་སྣོན་ཡོང་རྒྱུར་བརྒྱ་ཆའི་གནས་བཞི་དང་གྲངས་ཆུང་བཞི་སྐུལ་ཁྲིད་ཐུབ་ཡོད་པ་དེ་ཨ་རི་དང་ལྗར་ཕན། ཡོ་རོབ་མནའ་འབྲེལ་གྱི་རྒྱལ་ཁབ་༢༨བཅས་ཀྱིས་ལེགས་སྐྱེས་འབུལ་ཚད་ཀྱི་སྤྱི་འབོར་ལས་བརྒལ་ཡོད་ཅེས་བསྟན་ཡོད་པ་རེད།

འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ནང་ཞུགས་མ་ཐག་གི་སྐབས་དང་བསྡུར་ན། རང་རྒྱལ་གྱི་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་ལྡབ་༡༡འཕར་སྣོན་བྱུང་ཡོད་པ་དང་། དེས་འཛམ་གླིང་གི་ཞབས་ཞུ་ནང་འདྲེན་ནང་བཟུང་བའི་བསྡུར་ཚད་དེ་བརྒྱ་ཆ་༢དང་གྲངས་ཆུང་༦ནས་བརྒྱ་ཆ་༩བར་འཕར་ཡོད་པ་རེད། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། རང་རྒྱལ་གྱི་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་བྱེད་པའི་སྤྱི་འབོར་སྒོར་དུང་ཕྱུར་༣༨༨༢༥དང་བྱེ་བ་༣ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་༡༠དང་གྲངས་ཆུང་༥འཕར་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།