ཞི་ཅིན་ཕིང་གིས་སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་གཙོ་དོན་གཏམ་བཤད་ལ་ལན་ཆ་དྲག་པོ་བྱུང་བ།
སྤེལ་བའི་དུས་ཚོད། : 2018-11-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་གཙོ་དོན་གཏམ་བཤད་ལ་ཚོགས་ཞུགས་ཀྱི་རིགས་ཁག་གི་མི་སྣའི་ལན་ཆ་བཟང་པོ་དང་གདེང་འཇོག་མཐོན་པོ་ཐོབ་པ་རེད།

པར་ཙིར་གྱི་JBSཚོགས་པ་ཀུང་སི་ནི་འཛམ་གླིང་སྟེང་ཆེས་ཆེ་བའི་ཤ་རིགས་ལས་སྣོན་གྱི་སྣེ་ཁྲིད་པ་ཡིན་ལ། ཚོགས་པ་དེའི་ཨོ་སི་ཁྲུ་ལི་ཡའི་ཡན་ལག་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་པུའུ་ལན་ཐེ་དབྱི་སི་ཝུའུ་ཏེ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ནི་མི་ལ་ངར་ཤུགས་བསྐྱེད་པ་ཞིག་ཡིན་ལ། ཀྲུང་གོའི་སྒོ་དབྱེ་དང་འབད་པ་ཆེན་པོས་རྒྱལ་ཁབ་ཁག་གི་ཁེ་ལས་ལ་གོ་སྐབས་བསྐྲུན་པར་ང་རང་དགའ་སྤྲོ་ཆེན་པོ་བྱུང་། ང་ཚོས་ད་དུང་འདི་རུ་སྔར་ལས་མང་བའི་ཚོང་ལས་ཀྱི་གོ་སྐབས་བསྐྲུན་པར་རེ་སྒུག་བྱས་ཡོད། ང་ཚོའི་ཀུང་སིར་མཚོན་ན། ཨོ་སི་ཁྲུ་ལི་ཡ་ནས་སྔར་ལས་མང་བའི་ཚགས་ཤ་དང་ལུག་ཤ་ཀྲུང་གོར་ནང་འདྲེན་བྱེད་པ་དང་། དུས་མཚུངས་སུ་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡའི་རང་མོས་ཉོ་ཚོང་གྲོས་ཆོད་ཀྱིས་ཀྱང་ང་ཚོའི་ཀུང་སིས་ཀྲུང་གོར་ཕྱིར་འཚོང་བྱེད་པའི་ལས་དོན་ལ་རོགས་འདེགས་བྱེད་པའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཀྲུང་གོའི་ཆང་ཧྲེང་སྨན་བཅོས་ཡོ་བྱད་ཚད་ཡོད་ཀུང་སིའི་སྤྱི་འདོམས་པ་སུང་ཝེ་ཆུན་གྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ལ་ཉན་རྗེས། ང་ཚོ་ཆང་ཧྲེང་ཀུང་སི་ཀྲུང་ཀོའི་ཁྲོམ་རར་བཅངས་པའི་ཡིད་ཆེས་སྔར་ལས་ཆེ་རུ་ཕྱིན་སོང་། ང་ཚོས་ཀྲུང་གོའི་ཁྲོམ་རའི་གསར་གཏོད་མ་འཇོག་ལ་ཤུག་སྣོན་རྒྱག་རྒྱུ་ཡིན་ཞེས་གསུངས་པ་རེད།

ནང་འདྲེན་དངོས་མང་འགྲེམ་ཚོགས་ཀྱི་འགྲེམ་སྟོན་པ། ཀྲེ་ཅང་རུའེ་མའེ་ནང་འདྲེན་ཕྱིར་འཚོང་ཚད་ཡོད་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་ཀྲང་ཞུའེ་ཧྥེང་གིས་འགོ་ཚུགས་མཛད་སྒོར་མགོ་ནས་མཇུག་བར་དུ་བལྟས་པ་དང་། ཁོང་གིས། རང་ཉིད་ཀྱིས་ཚབ་འཚོང་བྱས་པའི་ཕྱི་རྒྱལ་གྱི་ཚོང་རྫས་རྣམས་ཀྲུང་གོའི་ཁྱིམ་ཚང་ཁྲི་སྟོང་མང་པོར་འཚོང་ཐུབ་པའི་ཡིད་ཆེས་སྔར་ལས་ཆེ་རུ་ཕྱིན་སོང་ཞེས་དང་། དེ་རིང་འགྲེམ་སྟོན་བྱས་མ་ཐག་ཆེད་ལས་ཀྱི་ཉོ་སྒྲུབ་ཚོང་པ་མི་ཉུང་བ་ཞིག་གྲོས་བསྡུར་བྱེད་པར་སླེབས་བྱུང་། ང་ཚོར་ཡིད་ཆེས་བརྟན་པོ་ཡོད་པས་ཧ་ལམ་ཨ་སྒོར་བྱེ་བ་གཉིས་ཀྱིས་ཉོ་སྒྲུབ་བྱ་རྒྱུའི་འཆར་གཞི་ཡོད་ཅེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཚེ་བརྟན་རྡོ་རྗེ།