ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་། རྒྱལ་ཁབ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་ནས་ནག་ཚོགས་ངན་འབྲེལ་རུལ་སུངས་དང་སྲུང་སྐྱོབ་གདུགས་བཅས་ཀྱི་དཔེ་སྟོན་གྱོད་གཞི་ལྔ་ཡོངས་བསྒྲགས་བྱས་པ།
སྤེལ་བའི་དུས་ཚོད། : 2018-10-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་ཆར། ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་ནས་ནག་ཚོགས་ངན་འབྲེལ་རུལ་སུངས་དང་སྲུང་སྐྱོབ་གདུགས་བཅས་ཀྱི་དཔེ་སྟོན་གྱོད་གཞི་ལྔ་ཡོངས་བསྒྲགས་བྱས་ཡོད། དཔེ་སྟོན་གྱོད་གཞི་ལྔ་དེ་དག་ཁག་སོ་སོ་ནི། ཧེ་ནན་ཞིང་ཆེན་ལོ་ཉིང་རྫོང་ཤིན་ཧྭ་གྲོང་བརྡལ་ཏུང་སི་གྲོང་ཚོའི་དེ་སྔའི་ཀྲི་པུའུ་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་གཅིག་ལྕོགས་ཏིས་ཀྲི་མིན་གྱིས་ནག་ཚོགས་རང་བཞིན་གྱི་ཚོགས་པ་སྒྲིག་འཛུགས་དང་འགོ་ཁྲིད་བྱས་པའི་གྱོད་གཞི་དང་། ཧུའུ་ནན་ཞིང་ཆེན་ཕྱོགས་བསྡུས་བཅོས་སྐྱོང་གཞུང་ལས་ཁང་གི་དེ་སྔའི་ཀྲུའུ་རེན་ཀྲུའུ་ཕོས་པོ་སོགས་ཀྱིས་ནག་ཚོགས་སྟོབས་ཤུགས་ཀྱི་སྲུང་སྐྱོབ་གདུགས་ལྟ་བུ་བྱས་པའི་གནད་དོན། ཀོང་ཏུང་ཞིང་ཆེན་ཧུའེ་ཀྲུའུ་གྲོང་ཁྱེར་སྤྱི་བདེ་ཅུས་མི་དམངས་ཉེན་རྟོགས་པ་ཁག་གཅིག་གིས་ནག་ཚོགས་སྟོབས་ཤུགས་ཀྱི་སྲུང་སྐྱོབ་གདུགས་ལྟ་བུ་བྱས་པའི་གནད་དོན། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཡུང་ཧྥུའུ་རྫོང་སྲིད་གྲོས་ཀྱི་དེ་སྔའི་ཁྲུའུ་རྒན་པ་རིམ་པའི་ལས་བྱེད་པ་ལེའུ་ཡུང་ཞང་གིས་ནག་ཚོགས་སྟོབས་ཤུགས་ཀྱི་སྲུང་སྐྱོབ་གདུགས་ལྟ་བུ་བྱས་པའི་གནད་དོན། ཧྲན་ཏུང་ཞིང་ཆེན་རི་ཀྲའོ་གྲོང་ཁྱེར་ཏུང་ཀང་ཆུས་གློག་རྡུལ་ཚོང་དོན་ལྟེ་གནས་ཀྱིས་དེ་སྔའི་ཀྲུའུ་རེན་ལེའན་ཀྲི་ཀང་སོགས་ཀྱིས་ནག་ཚོགས་སྟོབས་ཤུགས་ཀྱི་སྲུང་སྐྱོབ་གདུགས་ལྟ་བུ་བྱས་པའི་གནད་དོན་བཅས་ཡིན་པ་རེད།

ཡོངས་བསྒྲགས་བྱས་པའི་དཔེ་སྟོན་གྱོད་གཞི་ནས་བལྟས་ཚེ། ཏང་ཡོན་ལས་བྱེད་པ་དང་གཞུང་ལས་མི་སྣ་ཁག་གཅིག་གིས་ཐད་ཀར་ནག་ཚོགས་ངན་འབྲེལ་གྱི་ཁྲིམས་འགལ་ཉེས་དོན་སྒྲིག་འཛུགས་དང་འགོ་ཁྲིད། ཞུགས་པ་བཅས་བྱས་ནས་ཁག་གཅིག་གིས་ནག་ཚོགས་ངན་འབྲེལ་བྱེད་སྒོར་་སྲུང་སྐྱོབ་དང་ལངས་ཤོར་བཏང་ནས་ནག་ཚོགས་སྟོབས་ཤུགས་ཀྱི་སྲུང་སྐྱོབ་གདུགས་ལྟ་བུ་བྱས་པ། ས་གནས་ཏང་ཨུད་སྲིད་གཞུང་དང་འགན་ནུས་ཚན་པ་ཁག་གཅིག་གི་ཆད་སྤྱོད་བཅོས་སྐྱོང་ནུས་པ་མི་འདང་བ། ལྟ་སྐུལ་དོ་དམ་ཡག་པོ་བྱས་མེད་པ། འགན་ཤོར་ལས་འཛོལ་བཅས་ཀྱིས་དོན་དངོས་ཐོག་ནག་ཚོགས་ཀྱི་སྟོབས་ཤུགས་སྣུར་བསྲིང་དང་ཆེན་པོ་ཆགས་རྒྱུར་རོགས་རམ་བྱས་ཡོད། གནད་དོན་དེ་དག་གིས་ས་གནས་དེ་གའི་ཆབ་སྲིད་སྐྱེ་ཁམས་དང་། དཔལ་འབྱོར་སྒྲིག་ལམ། སྤྱི་ཚོགས་བརྟན་ལྷིང་ལ་གནོད་སྐྱོན་ཚབས་ཆེན་བཟོ་བ་དང་། མི་དམངས་མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་ལ་ཡིད་ཆེས་བྱེད་ཚད་ལ་གནོད་སྐྱོན་ཚབས་ཆེན་བཟོ་བ། མི་དམངས་མང་ཚོགས་ཀྱི་ཐོབ་སེམས་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་ལ་ཤུགས་རྐྱེན་ངན་པ་ཚབས་ཆེན་བཟོས་ཡོད་པས་དེར་ངེས་པར་དུ་རྡུང་རྡེག་ཚ་ནན་དང་། རྩད་ཞིབ་ནན་ཏན། ཆད་པ་ནན་པོ་བཅས་གཏོང་དགོས་ཀྱི་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་པ་ཚེ་རིང་།