ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གིས་༼ལྟ་སྐུལ་ཞིབ་བཤེར་དཔྱད་ཞིབ་ལས་དོན་གཅིག་གྱུར་འཆར་འགོད་དང་ཚད་ལྡན་བཟོ་བའི་སྐོར་གྱི་བརྡ་ཐོ་༽པར་འགྲེམས་བྱས་པ།
སྤེལ་བའི་དུས་ཚོད། : 2018-10-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་དུས། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གིས་༼ལྟ་སྐུལ་ཞིབ་བཤེར་དཔྱད་ཞིབ་ལས་དོན་གཅིག་གྱུར་འཆར་འགོད་དང་ཚད་ལྡན་བཟོ་བའི་སྐོར་གྱི་བརྡ་ཐོ་༽པར་འགྲེམས་བྱས་ཡོད་པ་རེད།

བརྡ་ཐོའི་ནང་། ལྟ་སྐུལ་ཞིབ་བཤེར་དཔྱད་ཞིབ་ལས་དོན་ནི་ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་མཛད་ཕྱོགས་སྲིད་ཇུས་ལ་སྐུལ་འདེད་གཏོང་བ་དང་། ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་དང་། ཏང་གི་སྤྱོད་ཚུལ་ལེགས་སྒྱུར་དང་། རྒྱ་ཆེའི་ལས་བྱེད་པས་འགན་འཁུར་བ་དང་ལས་རྗེས་འཇོག་པར་སྐུལ་ལྕག་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་ཤས་ནང་། ལྟ་སྐུལ་ཞིབ་བཤེར་དཔྱད་ཞིབ་ལས་དོན་ལ་ཤུགས་སྣོན་ཟམ་མི་ཆད་པ་རྒྱབ་པ་དང་། སྐུལ་ལྕག་བྱེད་པའི་བཀོད་འདོམས་ནུས་པ་འདོན་སྤེལ་ནུས་ལྡན་ཐུབ་པས། དམ་བཟུང་རྒྱུན་འཁྱོངས་ལྷོད་མེད་བྱས་ཡོད། ཡིན་ནའང་སྣ་ཁ་མང་དྲག་པ་དང་། མགྱོགས་དྲག་པ། སྣ་མང་བསྐྱར་ཟློས་ཡིན་པ། ལས་ཤུལ་མང་ལ་ཕན་འབྲས་དངོས་ཐོན་དཀའ་བ་སོགས་ཀྱི་གནད་དོན་ཡང་ལྷག་ཡོད། ས་གནས་དང་གཞི་རིམ་འབྲེལ་མཐུད་ཡག་པོ་མ་ཐུབ་པ་དང་། འགན་འཁྲི་ལྗིད་པོ་འཁུར་མི་ཐུབ་པ། ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་འཆར་ཆེ་བས། སེམས་ཤུགས་གཅིག་ཏུ་བསྡུས་ནས་དོན་འཁྱོལ་བྱ་རྒྱུར་ཕན་ཐོགས་མེད་ལ། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་རྒྱ་ཡན་དུ་འགྲོ་ཉེན་ཡང་ཡོད་པ། ཏང་དང་མང་ཚོགས་དབར་དང་། མང་ཚོགས་དང་ལས་བྱེད་དབར་གྱི་འབྲེལ་བར་གནོད་འཚེ་བཟོ་ཀྱི་ཡོད་པས། ངེར་པར་དུ་སེམས་ཐག་བཅད་ནས་ཐག་གཅོད་བྱས་ཏེ། ལྟ་སྐུལ་ཞིབ་བཤེར་དཔྱད་ཞིབ་ལས་དོན་དེ་བས་ལེགས་པ་དང་དེ་བས་ནུས་ལྡན་སྒོ་ནས་སྒྲུབ་དགོས་ཞེས་བསྟན་ཡོད།

བརྡ་ཐོའི་ནང་། ལྟ་སྐུལ་ཞིབ་བཤེར་དཔྱད་ཞིབ་ལས་དོན་སྤྱི་འབོར་ཚོད་འཛིན་ནན་པོ་བྱ་དགོས་པ་དང་། འཆར་གཞི་ཡོད་པའི་དོ་དམ་བྱ་དགོས་པ། ལས་ཀའི་ཕན་འབྲས་དངོས་ལ་དོ་སྣང་བྱ་དགོས་པ་དང་། ལས་ཀ་སྒྲུབ་ཐབས་དང་བྱ་ཐབས་ལེགས་སྒྱུར་བྱ་དགོས་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱབ་ནས། འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་རྒྱུར་སྐུལ་ལྕག་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།