ཀྲུང་གོའི་འཛད་སྤྱོད་རིམ་འཕར་གྱི་དུས་རབས་སླེབས་བཞིན་ཡོད།
སྤེལ་བའི་དུས་ཚོད། : 2018-10-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ཀྲུང་གོའི་དཔལ་འབྱོར་ལ་ལྟ་ཞིབ་བྱེད་པའི་སྐར་ཁང་གལ་ཆེན་ཞིག་ཡིན་པའི་ཆ་ནས། རྒྱལ་སྟོན་གུང་གསེང་རིང་གི་མཛད་སྤྱོད་རིམ་འཕར་བྱུང་བ་ལས། མང་ཚོགས་ཀྱིས་དཔལ་འབྱོར་མདུན་ལམ་ལ་ཡིད་ཆེས་བྱས་པ་མངོན་ཡོད།

འདས་མ་ཐག་པའི་ཀྲུང་གོའི་རྒྱལ་སྟོན་གུང་གསེང་ནང་དུ། པེ་ཅིང་དུ་བསྡད་པའི་སྲས་མོ་ཧྲིན་གྱིས་རིག་ནུས་གད་འཕྱག་འཕྲུལ་ཆས་མི་ཞིག་མངག་ཉོ་བྱས་ཤིང་། རང་ཉིད་ཀྱིས་སྡོད་ཁང་གཙང་དག་བཟོ་བའི་དུས་ཚོད་དེ་སྤྱད་ནས། བྱིས་པར་རོགས་བྱས་ཏེ་དཔེ་ཀློག་བྱས་པ་དང་། ཁྱིམ་མི་དང་ལྷན་དུ་ཁ་བརྡ་གློད་པའི་དུས་ཚོད་དེ་བས་མང་པོ་ཡོད། ཧུའུ་པེ་རུ་ཡུལ་སྐོར་དུ་ཕེབས་པའི་ལྕམ་མོ་ཕུན་ལགས་ཀྱིས། ཧུའུ་པེ་དངོས་མང་བཤམ་སྟོན་ཁང་ལ་ལྟ་སྐོར་དང་། ཁྲུང་སེར་ཐོག་བརྩེགས་ལ་འཛེག་པ་དེ་རང་ཉིད་ཀྱི་རིག་གནས་ལྗོངས་རྒྱུ་ཡི་བཀོད་སྒྲིག་གལ་ཆེན་དུ་རྩིས་ཡོད། ཁོ་ཚོ་ནི་རྒྱལ་སྟོན་གུང་གསེང་གི་མཛད་སྤྱོད་པའི་དཔུང་ཁག་ཁྲོད་ཀྱི་བསྡུས་རིས་རེ་རེ་ཡིན།

ཀྲུང་གོའི་རིག་གནས་དང་ཡུལ་སྐོར་པུའུ་གཞི་གྲངས་ལྟེ་གནས་ཀྱིས་ཚོད་རྩིས་བྱས་པར་གཞིགས་ན། ༢༠༡༨་ལོའི་རྒྱལ་སྟོན་དུས་ཆེན་གྱི་སྐབས་སུ། ཀྲུང་གོའི་ས་ཁུལ་སོ་སོས་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་༧དང་བྱེ་བ་༢་དང་ས་ཡ་༦་ལ་སྣེ་ལེན་བྱས་པ་དང་། དུས་མཚུངས་དང་བསྡུར་ན་བརྒྱ་ཆའི་དགུ་དང་གྲངས་ཆུང་བཞི་གསུམ་འཕར་ཡོད་ལ། རྒྱལ་ནང་གི་ཡུལ་སྐོར་བའི་ཡོང་འབབ་སྒོར་དུང་ཕྱུར་༥༩༩༠་དང་བྱེ་བ་༨་བྱུང་ཡོད་པ་དང་། དུས་མཚུངས་དང་བསྡུར་ན་བརྒྱ་ཆའི་དགུ་དང་གྲངས་ཆུང་ཐིག་བཞི་འཕར་ཡོད། ཕྱི་རྒྱལ་དུ་ལྗོངས་རྒྱུ་རུ་འགྲོ་མཁན་མི་ཐེངས་ས་ཡ་༧་སོན་ཡོད་པ་དང་། ཀྲུང་གོ་བསྟུད་མར་ལོ་ལྔ་རིང་བསྟུད་མུར་ཕྱི་རྒྱལ་དུ་ཡུལ་སྐོར་ལ་འགྲོ་མཁན་གྱི་འགྲུལ་ཁུངས་རྒྱལ་ཁབ་ཆེན་པོ་ཨང་དང་པོ་ཡིན།

འདས་ལོ་དང་བསྡུར་ཚེ། ཀྲུང་གོའི་ད་ལོའི་རྒྱལ་སྟོན་གུང་གསེང་རིང་། དངོས་རྫས་འཛད་སྤྱོད་ཡིན་ན་འདྲ་། ཡང་ན་ཞབས་ཞུའི་འཛད་སྤྱོད་། ཚང་མ་སྟབས་བདེ་བའི་འཛད་སྤྱོད་འཕར་སྣོན་དང་འཛད་སྤྱོད་གསོན་ཉམས་དོད་པོའི་ངོས་ཀྱི་འཕོ་འགྱུར་ཙམ་མ་ཡིན་ཞིང་། འཛད་སྤྱོད་གྲུབ་ཚུལ་དང་འཛད་སྤྱོད་མ་དཔེ་རིམ་སྤར་གྱི་ཐད་ནས་འགྱུར་ལྡོག་མཐོང་ཐུབ། མི་རྣམས་ཀྱིས་སྔོན་ཆད་ཀྱི་རླངས་འཁོར་ནང་འཛུལ་ནས་གཉིད་ཉལ་བ་དང་། རླངས་འཁོར་ལས་འབབ་སྟེ་པར་རྒྱག་པའི་སྣང་ཚུལ་ནས་ད་ལྟའི་ཡུལ་སྐོར་མི་སྒེར་ གྱི་སྒྲིག་སྲོལ་གཏན་ཁེལ་དང་ཡུལ་སྐོར་ཚོགས་པ་སྣ་ཚོགས་ལ་ཞུགས་པ། སྔོན་ཆད་ཀྱི་ཁྲོམ་དུ་འཆམ་འཆམ་ལ་འགྲོ་བ། ཟས་རིགས་སྣ་ཚོགས་ཟ་བ། དངོས་རྫས་མང་པོ་ཉོ་བ་སོགས་ནས་ད་ལྟའི་ཉམས་ལེན་དང་ཤེས་བྱ་སློབ་གཉེར་ཐོག་ལ་སྒོར་མོ་བཏང་ནས་འཛད་སྤྱོད་བྱེད་པར་འགྱུར་ལྡོག་ཕྱིན་ཡོད་། སྔོན་ཆད་ཀྱི་དངུལ་སྨར་འཁྱེར་ནས་ཕྱི་རྒྱལ་དུ་ཡུལ་སྐོར་ལ་འགྲོ་བ་ནས། ད་ལྟ་་ལག་ཐོགས་ཁ་པར་བཀོལ་ནས་སྒུལ་བདེའི་གཏོང་སྤྲོད་འཛམ་གླིང་ཡོངས་ལ་ཁྱབ་པར་གྱུར་ཡོད་ཅིང་། ཀྲུང་གོའི་འཛད་སྤྱོད་རིམ་སྤོར་གྱི་དུས་རབས་སླེབས་བཞིན་ཡོད་ །

འཛད་སྤྱོད་རིམ་སྤོར་ནི། སྤུས་ལེགས་ཐོན་རྫས་དང་ཞབས་ཞུ་བྱ་རྒྱུ་དེ་ལ་བརྟེན་ དགོས། སྔོན་ཆད། ཀྲུང་གོ་བས་ཕྱི་རྒྱལ་དུ་ཧབ་ཐོབ་ཀྱིས་གློག་རྡིག་དང་མཛེས་འདོན་ བྱུག་རྫས་སོགས་ཚོང་ཟོག་གོང་ཆེན་སྤུས་ལེགས་སྣ་ཚོགས་ཉོ་ཡི་ཡོད། རྒྱུ་རྐྱེན་གཙོ་བོ་ནི་ རང་རྒྱལ་གྱིས་བཟོས་པའི་དངོས་ཟོག་གིས་མི་རྣམས་ཀྱི་སྤུས་ལེགས་ཐོན་རྫས་ཀྱི་དགོས་མཁོ་ སྐོང་ཐུབ་ཀྱི་མེད་པས་རེད། 2015 ལོ་ནས་བཟུང་། ཀྲུང་གོའི་མཁོ་སྤྲོད་ཕྱོགས་ཀྱི་ གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་ཤུགས་སྣོན་བྱེད་འགོ་བརྩམས་ཡོད། ཀྲུང་གོའི་འཛད་སྤྱོད་དངོས་རྫས་ཀྱི་ཐོན་ལས་གྲུབ་ཆ་བརྗེ་བསྒྱུར་རིམ་སྤོར་ཟམ་མི་ཆད་པར་མགྱོགས་སུ་བཏང་བ་དང་། ལྷག་པར་དུ་ད་ལོའི་ཟླ་བདུན་པ་ནས་བཟུང་ཀྲུང་གོས་རྒྱུན་ལྡན་ཉེར་མཁོའི་འཛད་སྤྱོད་དངོས་རྫས་རིགས་1449ཡི་ཁྲལ་གྱི་རྣམ་གྲངས་ཀྱི་ནང་འདྲེན་སྒོ་ཁྲལ་ཉུང་དུ་བཏང་བས་ཀྲུང་གོ་བས་སྤུས་ཚད་མཐོ་བའི་འཛད་སྤྱོད་གདམ་ཀ་བྱེད་རྒྱུ་དེ་བས་མང་དུ་ཕྱིན་ཡོད་། ཀྲུང་གོའི་གློག་ཚོང་ལས་སྟེགས་ཆེ་ཤོས་ཀྱི་གྲངས་གཞི་ལས་མངོན་པར། ད་ལོའི་རྒྱལ་སྟོན་གུང་གསེང་རིང་ལ། ཀྲུང་གོ་བའི་དངོས་རྫས་འཛད་སྤྱོད་ལ་སྔར་ལས་རྩེ་གྲ་ཅན། རིག་ནུས་ཅན་དང་རང་གཤིས་ཅན་གྱི་ཁྱད་ཆོས་ལྡན་ཡོད། ཚོན་ལྡན་བརྙན་འཕྲིན་ ཆེན་པོ་དང་འཁྲུད་སྐམ་གཞི་གཅིག་གི་ཁྲུས་སྒམ་སོགས་“ཁྱིམ་ཆས་གསར་པ་”ཉོ་མཁན་མང་པོ་ཡོད་པ་དང་། རིག་ནུས་ལོ་ཙཱའི་འཕྲུལ་ཆས། གད་བདར་འཕྲུལ་མི་། བྱིས་རོགས་འཕྲུལ་མི་བཅས་ཀྱི་ཕྱིར་འཚོང་གི་གྲངས་ཚད་དུས་མཚུངས་ལས་འཕར་ཚད་300%ཡན་ཟིན་ཡོད།

ད་ལོའི་རྒྱལ་སྟོན་གུང་གསེང་གི་སྐབས་སུ། ཀྲུང་གོའི་ས་ཁུལ་ཁག་གི་རྟེན་རྫས་བཤམས་མཛོད་ཁང་དང་ཚན་རྩལ་ཁང་། མཛེས་རྩལ་ཁང་། དཔེ་མཛོད་ཁང་། གློག་བརྙན་ཁང་། ཟློས་གར་ཁང་སོགས་ཐུན་མོང་གི་རིག་གནས་ཁང་དུ་ཕྱོགས་ཡོང་མགྲོན་པོ་ཤིན་ཏུ་མང་ཞིང་། དེ་དག་ནི་ཀུན་གྱིས་དོ་སྣང་བྱེད་པའི་ཡུལ་སྐོར་ལྟེ་གནས་སུ་གྱུར་ཡོད་པ་རེད། དེས་ཀྲུང་གོ་བའི་འཛད་སྤྱོད་རིམ་པ་དངོས་པོའི་ཚོང་རྫས་བརྩོན་ལེན་བྱེད་པ་ནས་དངོས་མིན་ཞབས་ཞུའི་ཕྱོགས་སུ་བསྒྱུར་བཞིན་པ་དང་། དངོས་པོའི་རོལ་མྱོང་ཅན་ནས་བསམ་བློའི་རོལ་མྱོང་ཅན་དུ་འཕར་བ་མཚོན་པར་མ་ཟད། དེ་ནི་ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་འགྲེལ་སྟངས་གསལ་བ་ཞིག་ཏུ་ཆགས་པ་རེད།

ད་ལོའི་ཟླ་དགུ་པར། ཀྲུང་གོའི་རྒྱལ་ཁབ་བསྡོམས་རྩིས་ཅུས་ནས་ཡོངས་བསྒྲགས་བྱས་པའི་བརྟགས་དཔྱད་ལྟར་ན། ཀྲུང་གོའི་འཛད་སྤྱོད་པའི་ཡིད་ཆེས་ཀྱི་སྟོན་གྲངས་བསྟུད་མར་དུས་ཚིགས་གསུམ་གྱི་རིང་ལ་ཅུང་ཟད་དགའ་འོས་ཡོད་པའི་མཚམས་སུ་སླེབས་ཡོད་པ་རེད། རྒྱལ་སྟོན་གུང་གསེང་གི་འཛད་སྤྱོད་རིམ་འཕར་གྱི་གོམས་སྟབས་ཇེ་མགྱོགས་སུ་གྱུར་པ་ནི་དེའི་དཔང་རྟགས་སུ་གྱུར་ཡོད།

མ་འོངས་པར། ཀྲུང་གོར་ད་དུང་དེ་ལས་མང་པའི་ཕན་བཟང་འབྱུང་སྲིད་པ་རེད། ཟླ་11པའི་ཚེས་1ཉིན་ནས་བཟུང་། ཀྲུང་གོས་དཔྱ་ཁྲལ་གྱི་རྣམ་གྲངས་1585ཡི་བསྡུ་ཚད་ཇེ་ཉུང་དུ་གཏོང་རྒྱུ་དང་། ཁེ་ལས་ཐོན་སྐྱེད་དང་མང་ཚོགས་ཀྱི་འཚོ་བའི་མཁོ་དངོས་འདུ་བའི་ཚོང་རྫས་མང་པོ་ལ་ཁྱབ་པར་བྱས་ཡོད། ཟླ་11ཚེས་5ཉིན། ཀྲུང་གོའི་སྐབས་དང་པོའི་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་ཚོགས་འདུ་ཧྲང་ཧེ་ནས་འཚོགས་རྒྱུ་ཡིན་པ་དང་། རྒྱལ་ཁབ་དང་ས་ཁུལ130ལྷག་ཚུར་འགུགས་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གི་ཉོ་མཁན་ཁྲི་15ལས་བརྒལ་བ་ཉོ་ཚོང་ལ་ཞུགས་པར་སྔོན་དཔག་བྱས་ཡོད། དུས་མཚུངས་སུ་ཀྲུང་གོ་སྲིད་གཞུང་གིས་སྐབས་གསར་བའི་དཔྱ་ཁྲལ་ཆག་ཡང་གཏོང་བའི་འཆར་གཞི་ཇུས་འགོད་བྱེད་བཞིན་ཡོད་པ་རེད། འདི་དག་གིས་ཀྲུང་གོ་བས་བདེ་སྐྱིད་འཚོ་བ་བརྩོན་ལེན་བྱེད་པར་བར་སྟོང་གསར་བ་ཞིག་ཕྱེས་པ་དང་། ཀྲུང་གོའི་དཔལ་འབྱོར་གྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་བ་ཞིག་བསྣན་ཡོད་པ་སྨོས་མ་དགོས། མི་གྲངས་དུང་ཕྱུར་བཅུ་བཞི་ལ་ཉེ་ཞིང་། ཡོངས་འབབ་འབྲིང་གྲས་དུང་ཕྱུར་བཞི་ཅན་གྱི་ཁྲོམ་ར་ཆེན་པོ་ཞིག་ནི་སུ་ལ་མཚོན་ནའང་འགུགས་ཤུགས་བླ་ལྷག་ལྡན་པ་ཞིག་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། རིན་ཆེན་འཚོ། བཀྲ་ཤིས་དབང་རྒྱལ། ཚེ་གཏན་རྡོ་རྗེ།