མི་དམངས་ཉིན་རེའི་ཚགས་པར་ཐོག་འགོ་བརྗོད་དུ་མི་དམངས་ནས་བློ་ཡིད་ཚིམས་པའི་སློབ་གསོ་ཡག་པོ་གཉེར་དགོས་ཞེས་འཁོད་པའི་ཆེད་བརྗོད་སྤེལ་བ།
སྤེལ་བའི་དུས་ཚོད། : 2018-09-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡༢ཉིན་དཔེ་སྐྲུན་བྱས་པའི་མི་དམངས་ཉིན་རེའི་ཚགས་པར་ཐོག་འགོ་་བརྗོད་དུ་མི་དམངས་ནས་བློ་ཡིད་ཚིམས་པའི་སློབ་གསོ་ཡག་པོ་གཉེར་དགོས་ཞེས་འཁོད་པའི་ཆེད་བརྗོད་སྤེལ་ཡོད་པ་དང་།

ཆེད་བརྗོད་ནང་། སློབ་གསོ་ནི་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གསོ་སྒྱུར་བཅོས་དང་གོང་འཕེལ་ཐད་འདུ་ཤེས་གསར་པ་དང་དགོངས་པ་གསར་པ། ལྟ་བ་གསར་པ་བཅས་རབ་དང་རིམ་པ་བཏོན་གནང་ཡོད་ཅིང་། ཕྱོགས་བསྡོམས་བྱས་ན་རྒྱུན་འཁྱོངས་དགུ་ཞེས་པ་དེ་ཡིན། དེའང་ཏང་གིས་སློབ་གསོའི་བྱ་བཞག་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། ཀུན་སྤྱོད་འཛུགས་པ་དང་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་རྩ་བའི་ལས་འགན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ། སློབ་གསོའི་བྱ་བཞག་སྔོན་ལ་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་ས་གཞི་ཆེན་མོའི་ཐོག་གཞི་ཚུགས་ནས་སློབ་གསོ་གཉེར་རྒྱུ་རྒྱུན་འཁྱོངས་བྱེད་པ། མི་དམངས་ལྟེ་བར་བཞག་ནས་སློབ་གསོ་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། སློབ་གསོའི་སྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་ལ་ཞབས་ཞུ་བྱ་རྒྱུ་དེ་སློབ་གསོའི་འགན་འཁྲི་གལ་ཆེན་ལ་བརྩི་རྒྱུ་རྒྱུན་འཁྱོངས་བྱེད་པ། དགེ་རྒན་དཔུང་ཁག་འཛུགས་སྐྱོང་དེ་རྨང་གཞིའི་ལས་དོན་ལ་བརྩི་རྒྱུ་རྒྱུན་འཁྱོངས་བྱེད་པ་བཅས་ཡིན་པ་རེད། རྒྱུན་འཁྱོངས་དགུ་དེ་དག་ནི་རང་རེའི་ཏང་གིས་རང་རྒྱལ་གྱི་སློབ་གསོའི་བྱ་བཞག་ལ་ཆོད་ཉིད་རང་བཞིན་གྱི་ངོས་འཛིན་གཏིང་ཟབ་ཏུ་ཕྱིན་པ་ཞིག་ཡིན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་ལ། ཐོབ་དཀའ་བ་ཞིག་ཡིན་པས། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་མ་ཟད་ཕུན་སུམ་ཚོགས་སུ་དང་གོང་འཕེལ་ཟམ་མི་ཆད་པ་གཏོང་དགོས་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། དབང་འདུས།