སློབ་གསོ་པུས་སློབ་གྲྭས་འཕྲལ་མར་བཟའ་བཅའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་དགོས་པའི་བླང་བྱ་བཏོན་པ།
སྤེལ་བའི་དུས་ཚོད། : 2018-09-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

གསར་འགོད་པས་ཚེས་7ཉིན་སློབ་གསོ་པུའུ་ནས་ཤེས་རྟོགས་བྱས་པར། ཅང་ཤིས་དབན་ཨན་དང་། ཧོ་ནན་ལུའོ་དབྱང་། བོད་ཀྱི་མཚེའུ་གཉིས་སོགས་ས་གནས་མང་པོར་སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཐད་གནས་ཚུལ་ཐོན་ནས་སློབ་མ་མང་པོར་ཟས་དུག་ཕོག་ཡོད། དེར་བརྟེན་སློབ་གསོ་པུས་ཛ་དྲག་གི་བརྡ་ཐོ་བཏང་ནས་སློབ་མའི་འཚོ་བཅུད་ལེགས་གཏོང་འཆར་གཞིའི་བཟའ་བཅའི་བདེ་འཇགས་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་པ་རེད།

བརྡ་ཐོའི་ནང་སློབ་གྲྭ་འབྲིང་ཆུང་དུ་མི་སྣ་འདུ་འཛོམས་ཆེ་བས་བཟའ་བཅའི་བདེ་འཇགས་གནད་དོན་ལ་སྣང་ཆུང་བྱེད་མི་རུང་། མིག་སྔར་རྒྱལ་ཡོངས་སུ་དྲོད་ཚད་ཆེ་བ་དང་བརླན་གཤེར་གྱི་གནམ་གཤིས་མུ་མཐུད་བསྟན་པར་བརྟེན་ས་ཁུལ་ལ་ལར་ཆུ་ལོག་གི་གནོད་འཚེ་ཐོན་པ་དང་། འབུ་ཕྲ་སྣ་ཚོགས་སྐྱེ་འཕེལ་མགྱོགས་པ། བཟའ་བཅའ་ལས་སྣོན་ནམ་ཡང་ན་ཉར་ཚགས་འཚམ་པོ་མ་བྱུང་བ་བཅས་ལས་བཟའ་བཅའི་བདེ་འཇགས་ཀྱི་གནས་ཚུལ་ཐོན་སླ་རུ་ཕྱིན་ཡོད་ཅེས་བསྟན་ཡོད།

བརྡ་ཐོའི་ནང་ས་གནས་ཁག་གི་སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་འཚོ་བཅུད་ལེགས་གཏོང་འཆར་གཞིའི་ཚོད་ལྟའི་ཁུལ་གྱི་སློབ་གྲྭས་འཕྲལ་དུ་བཟའ་བཅའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་ཐེངས་གཅིག་བྱས་ཏེ། གཙོ་བོ་སློབ་གྲྭའི་ཟ་ཁང་གི་འཕྲོད་བསྟེན་གནས་ཚུལ་དང་། ཟ་ཁང་གི་བཟའ་བཅའ། སྨན་སྣ་དུས་ཚོད་ཡོལ་མིན། རུལ་ཡོད་མེད་སོགས་ཀྱི་གནས་ཚུལ་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་ནས། བཟའ་བཅའི་བདེ་འཇགས་དོ་དམ་ལ་གནད་དོན་ཡོད་པ་ཤེས་འཕྲལ། ངེས་པར་དུ་ཐག་གཅོད་བྱེད་དགོས། མཁོ་སྤྲོད་ཚོང་པར་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། བཟའ་བཅའ་ཉོ་བ་དང་ཞིབ་བཤེར་རྩིས་ལེན་གྱི་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་སྟེ་ཚད་དང་མི་མཐུན་པའི་བཟའ་བཅའ་སློབ་གྲྭའི་ཟ་ཁང་ནང་ཁྱབ་རྒྱུ་གཏན་འགོག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།