རྒྱལ་ཡོངས་ན་རྒས་ཨུ་ལྷན་གྱིས་2018ལོའི་རྒྱལ་ཡོངས་ཀྱི“རྒན་བཀུར་ཟླ་བའི”བྱེད་སྒོ་བཀོད་སྒྲིག་བྱས་པ།
སྤེལ་བའི་དུས་ཚོད། : 2018-09-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】
ཉེ་དུས་རྒྱལ་ཡོངས་ན་རྒན་ཨུ་ལྷན་གྱིས་《2018ལོའི་རྒྱལ་ཡོངས་ཀྱི“རྒན་བཀུར་ཟླ་བའི”བྱེད་སྒོ་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ་》བཏང་ནས“རྒན་བཀུར་རྒན་གཅེས་ཀྱི་སྤྱི་ཚོགས་རྣམ་པ་ཡག་པོ་ཞིག་གཏོད། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བར་དྲན་གསོ་ཞུ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་2018ལོའི་རྒྱལ་ཡོངས་ཀྱི“རྒན་བཀུར་ཟླ་བའི”བྱེད་སྒོ་གཅིག་གྱུར་བཀོད་སྒྲིག་བྱས་པ་རེད། 《བརྡ་ཐོའི་》ནང་འདི་ལོའི“རྒན་བཀུར་ཟླ་བའི”བྱེད་སྒོ་སྤེལ་བའི་དུས་ཚོད་ནི་ཟླ་10ཚེས་1ནས་ཟླ་10ཚེས་31ཉིན་བར(ཟླ་10ཚེས་17ཉིན་ནི་ཁྲིམས་གཏན་འཁེལ་བའི་རྒན་རྒོན་དུས་ཆེན་ཡིན་པ)ཡིན་པ་དང་ནང་དོན་གཙོ་བོ་ཁག་ལྔ་ཡིན་པ་སྟེ། གཅིག་ནི་རྒན་བཀུར་རྒན་གཅེས་ཀྱི་སློབ་གསོའི་བྱེད་སྒོ་སྤེལ་རྒྱུ་ཡིན་ཞིང་། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བ་དང་མི་འབོར་རྒན་རྒོན་ཅན་དུ་གྱུར་པའི་རྒྱལ་བབ་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། རྒན་བཀུར་རྒན་གཅེས་ཀྱི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོ་གཅིག་སྡུད་ཐོག་སྤེལ་རྒྱུ་དང་། ཁྱིམ་ཚང་དང་སྡེ་ཁུལ་ཚན་པར་བྱས་ཏེ་རྒན་བཀུར་རྒན་གཅེས་ཀྱི་ལག་ལེན་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་རྒྱུ་དང་། གཉིས་ནི་འཚམས་འདྲིའི་བྱེད་སྒོ་སྤེལ་རྒྱུ་ཡིན་ཞིང་། ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་ཧུར་ཐག་བྱེད་པ་དང་སྦྲགས་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་རྒྱ་ཁྱབ་ཏུ་བྱས་ཏེ། རྒན་རྒོན་གྱི་ཁྱིམ་ཚང་དང་། རྒན་རྒོན་གྱི་སྡེ་ཁུལ། རྒན་གསོའི་སྒྲིག་གཞི་བཅས་སུ་དྲོ་སྐྱིད་དང་། བདེ་ཐང་། རིག་གནས་སོགས་འཚམས་འདྲིའི་བྱེད་སྒོ་སྤེལ་ནས། དབུལ་ཞིང་ཕོངས་པ་དང་། ལོ་ན་མཐོ་བ། ནུས་པ་ཤོར་བ། གཞིས་སྲུང་། གཞིས་ལུས། བུ་མེད་ཁེར་ལུས་བཅས་ཀྱི་རྒན་རྒོན་ལ་གཅེས་སེམས་སྦྱིན་རྒྱུ་དང་། དཀའ་ངལ་ཐག་གཅོད་བྱ་རྒྱུ། བྱ་བ་དངོས་བསྒྲུབ་རྒྱུ། གསུམ་ནི་རྒན་རྒོན་གྱི་ཁེ་དབང་སྲུང་སྐྱོང་བྱེད་སྒོ་སྤེལ་རྒྱུ་ཡིན་ཞིང་། རྒན་རྒོན་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་རྒན་རྒོན་དང་འབྲེལ་ཡོད་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱ་ཚུལ་ལ་ཆེད་དོན་ཞིབ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུ་དང་། རྒན་རྒོན་ལ་ཞབས་འདེགས་ཞུ་བ་དང་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་གཅིག་སྡུད་ཐོག་སྤེལ་རྒྱུ། རྒན་རྒོན་གྱི་ཁེ་དབང་བཙན་གནོད་ཀྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་དང་། དངུལ་རྩའི་ཁ་བསླུས། “ན་རྒས་འཚོ་རྟེན་ཁང་པར་བཅོལ་བའི”ཁ་བསླུས། བདེ་ཐང་ཐོན་རྫས་ཉོ་སྒྲུབ་ཀྱི་ཁ་བསླུས་སོགས་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ། རྒན་རྒོན་ཚོ་ཁ་བསླུས་མ་ཐེབས་པ་བྱ་རྒྱུའི་སྐོར་གྱི་ཆེད་དོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་རྒྱུ། བཞི་ནི་ལས་གནས་རྒན་བཀུར་བྱེད་སྒོ་སྤེལ་རྒྱུ་ཡིན་ཞིང་། གཞི་རིམ་གྱི་རྒན་རྒོན་དང་འབྲེལ་ཡོད་སྡེ་ཚན་དང་། རྒན་རྒོན་ལ་ཞབས་འདེགས་ཞུ་མཁན་རྩ་འཛུགས། སྤྱི་པའི་ཞབས་ཞུའི་སྐར་ཁུང་བཅས་ལས་ཁུངས་ཀྱིས་ལས་གནས་རྒན་བཀུར་བྱེད་སྒོ་གཅིག་སྡུད་ཐོག་སྤེལ་རྒྱུ་དང་། རྒན་རྒོན་ལ་ཞབས་འདེགས་ཞུ་བའི་འགན་ནུས་དང་ལས་གནས་ཀྱི་འགན་འཁྲིར་དམིགས་ཏེ་ཡ་རབས་ཀྱི་ཞབས་ཞུ་དང་། ཡིད་རྟོན་གྱི་ཞབས་ཞུ། སྤུས་ལེགས་ཀྱི་ཞབས་ཞུ་བཅས་ཁྱབ་གདལ་བཏང་ནས། རྒན་རྒོན་ལ་ཞབས་འདེགས་ཞུ་བའི་ཕན་འབྲས་ཆེ་རུ་གཏོང་རྒྱུ། ལྔ་ནི་རྒན་རྒོན་གྱི་ཉམས་མྱོང་རྒྱུན་འཛིན་བྱེད་པའི་བྱེད་སྒོ་སྤེལ་རྒྱུ་ཡིན་ཞིང་། “རྒན་བཀུར་ཟླ་བ”གོ་སྐབས་སུ་བྱས་ནས་ན་གཞོན་སྒྲིག་འཛུགས་བྱས་ཏེ། རྒས་དུས་ལས་རྒྱུ་ཡོད་པའི་ཕུལ་བྱུང་བྱས་རྗེས་སློབ་སྦྱོང་བྱས་ནས་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས་ཀྱི་ཀུན་སྤྱོད་བཟང་པོ་དང་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱ་རྒྱུ་བཅས་རེད།