ཆུ་འགོར་རེས་སྐོར་གཉིས་པའི་ལྟ་སྐུལ་ཞིབ་བཤེར་བྱེད་འགོ་ཚུགས་པ།
སྤེལ་བའི་དུས་ཚོད། : 2018-09-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཉིན་ཤས་གོང་སྣོད་བཅུད་ཁོར་ཡུག་པུས་རྒྱལ་ཡོངས་ཀྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་རེས་སྐོར་གཉིས་པའི་ལྟ་སྐུལ་ཞིབ་བཤེར་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་ཏེ། ཆུ་འགོ་སྲུང་སྐྱོང་གི་འགག་སྒྲོལ་དམག་འཐབ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུའི་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་འགོ་ཚུགས་པ་རེད།

ཆུ་འགོར་རེས་སྐོར་གཉིས་པའི་ལྟ་སྐུལ་ཞིབ་བཤེར་བྱེད་པའི་ལས་དོན་ཟླ་9ཚེས་1ཉིན་ནས་བཟུང་སྤེལ་འགོ་འཛུགས་རྒྱུ་དང་། དུས་ཡུན་ཟླ་བ་གཅིག་ཡིན་པ། ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)31ལ་ཁྱབ་རྒྱུ། ཁྱོན་ཁག་ཐེངས་4རུ་བགོས་ནས་བྱ་རྒྱུ་རེད། སྣོད་བཅུད་ཁོར་ཡུག་པུས་རྒྱལ་ཡོངས་ནས་ཁྲིམས་འཛིན་རྐང་འཛིན་པ་622ཟུར་དུ་འཐེན་ནས། 2018ལོའི་ལོ་མཇུག་གོང་བཅོས་སྒྲིག་བྱེད་མཇུག་སྒྲིལ་དགོས་པའི་འཐུང་ཆུའི་ཆུ་འགོ་1586གི་ཁོར་ཡུག་གི་གནད་དོན་6251རེ་རེ་བཞིན་ས་གནས་ས་ཐོག་ཏུ་ཞིབ་དཔྱད་བསྡུར་བཤེར་བྱ་རྒྱུ་དང་། དེ་བཞིན་བཅོས་སྒྲིག་ཇུས་གཞི་དང་འཕེལ་རིམ་དོན་དངོས་དང་མཐུན་པའི་སྒོ་ནས་ཚོད་སྐོར་བྱ་རྒྱུ་རེད། “འཕེལ་རྒྱས་མ་བྱུང་བའི”གནད་དོན་དང་རྗེས་ལུས་ཚབས་ཆེན་ཐེབས་པའི་གནད་དོན་ལ་དམིགས་ཏེ་ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱ་རྒྱུ་དང་འབྲེལ་ཡོད་ས་གནས་སྲིད་གཞུང་ལ་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་ཐད་ཀྱི་ཁྲིམས་འགལ་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས་པའི་ལྕག་སྐུལ་བྱ་རྒྱུ་རེད།

སྤྱི་ཚོགས་ཡོངས་ཀྱིས་ལྟ་སྐུལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་ཁུལ་གྱི་བཙོག་འབུད་མདོ་ཁ་དང་ཁྲིམས་འགལ་འཛུགས་སྐྲུན་རྣམ་གྲངས་སོགས་ཁོར་ཡུག་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་བྱ་ཆེད། སྤྱི་དམངས་ལ་ཐེར་འདོན་ཁ་པར་ཏེ། 010-12369ཡང་ན“12369ཁོར་ཡུག་སྲུང་སྐྱོང་ཐེར་འདོན”གྱི་སྐད་འཕྲིན་སྤྱི་སྟེགས་བརྒྱུད་ཐེར་འདོན་བྱ་རྒྱུའི་བསྔགས་སྐུལ་བྱ་རྒྱུ་དང་སྣོད་བཅུད་ཁོར་ཡུག་པུས་ས་གནས་ལ་རེ་རེ་བཞིན་ཞིབ་དཔྱད་བསྡུར་བཤེར་བྱས་ནས་ཁྲིམས་ལྟར་ཞིབ་གཅོད་བྱ་རྒྱུའི་སྐུལ་འདེད་གཏོང་རྒྱུ་རེད།