ཀྲུང་ནེའི“མཛའ་གྲོགས་ལས་གྲྭའི”རྣམ་གྲངས་གསུམ་ལས་འགོ་ཚུགས་པ།
སྤེལ་བའི་དུས་ཚོད། : 2018-09-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཟླ་9ཚེས་9ཉིན་གྱི་སྔ་དྲོར། ཀྲུང་གོ་དང་ནེ་པ་ལ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་གྲོགས་ལ་དཔང་པོ་བྱེད་པའི་ལས་གྲྭ་ཆེན་པོ་གསུམ་སྟེ། ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་དང་། འགྲམ་འགག་སྒོའི་མཛའ་གྲོགས་ཟམ་པ། སྐྱིད་གྲོང་འགག་སྒོའི་རི་ཟུར་ཟམ་པ་བཅས་དུས་གཅིག་ཏུ་བསྐྱར་སྐྲུན་ལས་འགོ་ཚུགས་པ་རེད། དེའི་ནང་ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་རྒྱས་སྐྲུན་ལས་གྲྭས་རྒྱ་ཁྱོན་སྨི་ངོས་གྲུ་8375.56བཟུང་བ་དང་སྤྱིའི་ཨར་སྐྲུན་རྒྱ་ཁྱོན་ལ་སྨི་ངོས་གྲུ་3949.26ཡོད། རྒྱས་སྐྲུན་བྱས་རྗེས་ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་མི་སྣའི་ལས་སྒོའི་ལས་སྒྲུབ་དང་། གྲོས་མོལ། ལག་ཁྱེར་གཉེར་བ། སྣེ་ལེན། འགྲེམས་སྟོན། ཞག་སྡོད་སོགས་ཀྱི་ནུས་པའི་དགོས་མཁོ་བསྐངས་ནས་ཀྲུང་ནེའི་མཛའ་གྲོགས་དང་བོད་རང་སྐྱོང་ལྗོངས་དང་ནེ་པ་ལའི་མཛའ་གྲོགས་མཉམ་ལས་ལ་སྔར་བས་སྐུལ་མ་ཐེབས་རྒྱུ་རེད།

ནེ་པ་ལའི་གྲོས་ཁང་འོག་མའི་གྲོས་དཔོན་ཁེ་ལི་ཤི་ན·པ་ཧ་ཏུར·མ་ཧ་ལས་བོད་རང་སྐྱོང་ལྗོངས་ཀྱི་འཕེལ་རྒྱས་གྲུབ་འབྲས་ཀྱིས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང་། འདི་ནི་འགོ་ཁྲིད་གཟིགས་རྒྱང་རིང་བ་དང་མི་དམངས་འབད་བརྩོན་ཆེ་བ་ལས་བྱུང་བ་ཞིག་རེད། བོད་ཀྱིས་ཀྲུང་ནེ་རྒྱལ་ཁབ་གཉིས་ཀྱི་མཉམ་སྦྲེལ་འབྲེལ་མཐུད་བྱེད་རིང་དུས་རྟག་ཏུ་གལ་ཆེའི་ནུས་པ་ཐོན་ཡོད། ད་ཐེངས་ཀྲུང་ནེ་འབྲེལ་མཐུད་ཀྱི་ལམ་བུ་བསྐྱར་དུ་བསྐྲུན་པ་དེས་ཚོང་དོན་ཡུལ་སྐོར་ལ་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་བ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་པ་འཐོབ་སྲིད། ང་ཚོས་ཀྲུང་གོའི་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་རྒྱུན་གཏན་བཞིན་འཁོར་རྒྱུག་དང་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་བསྐྱར་སྐྲུན་གྱི་རྣམ་གྲངས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལས་འགོ་ཚུགས་པའི་རྣམ་གྲངས་གསུམ་པོ་འདི་དག་གིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་བཀོད་པ་ཆེན་པོའི་ཁྲོད་ཀྲུང་ནེའི་མཛའ་གྲོགས་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་མ་ཐེབས་ནས་ནེ་པ་ལའི་དར་རྒྱས་གོང་འཕེལ་དང་ཨེ་ཤེ་ཡ་ལྷོ་མའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་སྔ་ལྟས་བཟང་པོ་བསྟན་ཡོད་ཅེས་གསུངས།