རྒྱལ་ཁབ་དང་ས་ཁུལ་༢༠༤ཡི་ཕྱིར་སྡོད་སློབ་མས་རང་རྒྱལ་དུ་སློབ་སྦྱོང་བྱེད་པའི་གཞི་ཁྱོན་མྱུར་དུ་འཕར་བ།
སྤེལ་བའི་དུས་ཚོད། : 2018-07-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སློབ་གསོ་པུའི་བསྡོམས་རྩིས་གྲངས་གཞི་ལས་མངོན་པར། ན་ནིང་ཁྱོན་རྒྱལ་ཁབ་དང་ས་ཁུལ་༢༠༤ནས་ཡོང་བའི་ཕྱིར་སྡོད་སློབ་མ་བཞི་འབུམ་བརྒྱད་ཁྲི་དགུ་སྟོང་ཉིས་བརྒྱ་ཙམ་ཞིག་རང་རྒྱལ་གྱི་མཐོ་རིམ་སློབ་གྲྭར་སློབ་སྦྱོང་བྱེད་ཀྱི་ཡོད་པ་དང་། གཞི་ཁྱོན་འཕར་བའི་མྱུར་ཚད་ལོ་གཉིས་བསྟུད་མར་བརྒྱ་ཆ་༡༠ཡན་ལ་སླེབས་ཡོད། དེ་བས་མང་བའི་ཀྲུང་གོའི་མཐོ་སློབ་ཀྱིས་ཞབས་ཞུ་དེ་བས་ཡག་པའི་ངང་ཀྲུང་གོར་ཡོང་བའི་ཕྱི་རྒྱལ་གྱི་སློབ་མར་ཞབས་ཞུ་སྒྲུབ་ཀྱི་ཡོད་པ་དང་། ཀྲུང་གོ་དང་ཕྱི་རྒྱལ་བར་གྱི་མཛའ་གྲོགས་ཀྱི་འབྲེལ་ཟམ་བསྐྲུན་ཡོད་པ་རེད།

སྤྱི་ལོ་༢༠༡༧ལོར། ཧོ་ཧའེ་སློབ་ཆེན་གྱི་སློབ་གྲྭར་ཡོད་པའི་ཕྱི་རྒྱལ་གྱི་སློབ་མའི་སྤྱི་འབོར་༡༣༠༠ལྷག་ཟིན་ཡོད། ཀྲུང་གོའི་རྡོ་སྣུམ་སློབ་ཆེན་དུ་ལོ་ལྟར་ཕྱི་རྒྱལ་གྱི་སློབ་མ་ཆིག་སྟོང་ལྷག་སློབ་སྦྱོང་བྱེད་ཀྱི་ཡོད་པ་དང་། དེའི་ཁྲོད་ནས་བརྒྱ་ཆ་༤༠ཙམ་ནི་རྒྱུད་གཅིག་ལམ་གཅིག་གི་འགྲམ་རྒྱུད་རྒྱལ་ཁབ་ནས་ཡོང་བ་ཡིན། ཀྲུང་གོའི་རྡོ་སྣུམ་སློབ་ཆེན་གྱི་རྒྱལ་སྤྱིའི་སློབ་གསོ་གླིང་གི་འགོ་འཛིན་ལོན་ཧྥེང་ཁྲིས་གསར་འགོད་པར། སློབ་གྲྭས་རང་འགུལ་ངང་གཞི་ཁྱོན་ཆེ་རུ་གཏོང་བ་ནས་ནང་གནས་གོང་འཕེལ་ལ་རྣམ་པ་བསྒྱུར་ཡོད་པ་དང་། སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་བ་དང་ཆབས་ཅིག སློབ་མར་ཞབས་ཞུ་དང་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱབ་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།