ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་མཉམ་ལས་གླེང་སྟེགས་སྐབས་བརྒྱད་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་གསུང་བཤད་ལ་ལན་ཆ་ཆེན་པོ་བྱས་པ།
སྤེལ་བའི་དུས་ཚོད། : 2018-07-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཚོགས་ཞུགས་འཐུས་མི་དང་འབྲེལ་ཡོད་རྒྱལ་སྤྱིའི་གནད་དོན་གྱི་རིགས་གཅིག་མཁས་པས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་མཉམ་ལས་གླེང་སྟེགས་སྐབས་བརྒྱད་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་གསུང་བཤད་ལ་ལན་ཆ་ཆེན་པོ་བྱས་པ།

སྤྱི་ཚེས་༡༠ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་མཉམ་ལས་གླེང་སྟེགས་སྐབས་བརྒྱད་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་འགོ་བརྗོད་དུ་ལག་གདང་སྦྲེལ་ཏེ་དུས་རབས་གསར་པའི་ཀྲུང་གོ་དང་ཨ་རབ་ཀྱི་འཐབ་ཇུས་རོགས་པའི་འབྲེལ་བར་སྐུལ་འདེད་གཏོང་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་ཡོད། དེ་ནི་སྤྱི་ལོ་༢༠༡༤ལོར་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་མཉམ་ལས་གླེང་སྟེགས་སྐབས་དྲུག་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གསུང་བཤད་གནང་བ་དང་། སྤྱི་ལོ་༢༠༡༦ལོའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་རུ་གཏམ་བཤད་གནང་རྗེས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རབ་འཛམ་གླིང་ལ་སྲིད་ཇུས་གལ་ཆེན་གསལ་སྟོན་གནང་ཐེངས་གསུམ་པ་དེ་རེད།

ཚོགས་ཞུགས་འཐུས་མི་དང་འབྲེལ་ཡོད་རྒྱལ་སྤྱིའི་གནད་དོན་གྱི་རིགས་གཅིག་མཁས་པས། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ཀྱིས་ཀྲུང་གོ་དང་ཨ་རབ་ ཕྱོགས་གཉིས་པོའི་ཕུགས་ཕན་ལ་གཞིགས་པ་དང་། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་བར་གྱི་རིག་ལམ་གསར་པ་དང་བྱ་ཐབས་གསར་པ། འདོད་ཚུལ་གསར་པ་བཅས་རྒྱས་བཤད་གནང་བ། དུས་རབས་གསར་པའི་ཀྲུང་གོ་དང་ཨ་རབ་ཀྱི་འཐབ་ཇུས་རོགས་པའི་འབྲེལ་བའི་གོང་འཕེལ་ལ་ཁ་ཕྱོགས་གསལ་སྟོན་གནང་བ། ཕྱིན་ཆད་ཀྱི་མཉམ་ལས་ཐད་ཁ་གསལ་ལ་ལག་བསྟར་བྱེད་ཆོག་པའི་འཆར་འགོད་བཟོས་པ། དབུས་ཤར་ཁུལ་གྱི་ཞི་བའི་གོང་འཕེལ་འགྲོ་རྒྱུར་ཀྲུང་གོའི་བློ་རིག་ལེགས་སྐྱེས་སུ་ཕུལ་ཡོད་ཅེས་བསྟན་ཡོད་པ་རེད།

ཀྲུང་གོའི་དབུས་ཤར་སློབ་ཚོགས་ཀྱི་ཚོགས་གཙོ་ཡང་ཀོང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་འབྲེལ་བ་དེ་འཐབ་ཇུས་རོགས་པའི་འབྲེལ་བའི་མཐོ་ཚད་གསར་པར་མཐོ་རུ་བཏང་ནས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་བར་གྱི་མཉམ་ལས་ལ་མདུན་ལྗོངས་གསར་པ་གཏོད་རྒྱུའི་ཁྱབ་བསྒྲགས་གནང་ཡོད། དེ་ནི་ཀྲུང་གོ་དང་ཨ་རབ་ཀྱི་མཛའ་གྲོགས་མཉམ་ལས་ཀྱི་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་ཞིག་ཡིན་པས། གལ་ཆེའི་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་ཡོད་ཅེས་གསུངས་པ་རེད།

ཀྲུང་གོའི་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་གླིང་གི་འགོ་འཛིན་གཞོན་པ་དུང་མན་ཡོན་གྱིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་བར་གྱི་འབྲེལ་བའི་མཐོ་རིམ་ཇུས་འགོད་ལ་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་རྒྱུ་དང་། མཉམ་སྡེབ་མཉམ་ལས་འཆར་འགོད་བཟོ་རྒྱུ། གླེང་སྟེགས་འཛུགས་སྐྱོང་ལ་མཛུབ་ཁྲིད་བྱ་རྒྱུ་སོགས་ཀྱི་ཐད་ཀྲུང་གོའི་ཕྱོགས་ཀྱི་བལྟ་སྟངས་རྒྱས་བཤད་གནང་ཡོད་པས། ཀྲུང་གོ་དང་ཨ་རབ་འབྲེལ་བའི་འབྱུང་འགྱུར་གོང་འཕེལ་ལ་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པའི་ངོས་འཛིན་གནང་ཡོད་པ་རེད།

ཀྲུང་གོར་བཅའ་སྡོད་ཨ་རབ་ཀྱི་གཞུང་ཚབ་ཚོགས་པའི་ཚོགས་གཙོ། ཀྲུང་གོར་བཅའ་སྡོད་ཨ་མན་གྱི་གཞུང་ཚབ་ཆེན་མོ་ས་ཨ་དེས། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ཀྱིས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་མཉམ་ལས་གོང་འཕེལ་ལ་འཆར་འགོད་བཟོས་ཡོད། དེ་ཡང་ཨ་རབ་རྒྱལ་ཁབ་དང་ཀྲུང་གོའི་བར་མཉམ་ལས་དམ་ཟབ་བྱེད་པའི་འཆར་གཞི་ཞིག་ཡིན་པའི་ངོས་འཛིན་བྱས་ཡོད་པ་རེད།

སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཀྲུའུ་པའེ་འར་གྱིས། འདས་ཟིན་པའི་ལོ་འགའི་ནང་། ཀྲུང་ཨའི་མཉམ་ལས་གླེང་སྟེགས་ཀྱི་སྒྲིག་གཞིའི་འོག ཕྱོགས་གཉིས་པོའི་མཉམ་ལས་ཁྱབ་ཁོངས་མང་པོའི་ནང་གོང་འཕེལ་མགྱོགས་པོ་ཕྱིན་ཡོད། སོ་ཏི་ཨ་རབ་ཀྱིས་ཀྲུང་ཨའི་འཐབ་ཇུགས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། དེས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཁེ་ཕན་སྦྲེལ་ཐག་དམ་དུ་གཏོང་སྲིད་ཅེས་གསུངས་ཡོད་པ་རེད།

ཀྲུང་གོའི་དབུས་ཤར་ས་ཁུལ་གནད་དོན་གྱི་ཆེད་བསྐོས་ཕོ་ཉ་ཟུར་པ་ཝུ་སི་ཁེས། དབུས་ཤར་ས་ཁུལ་དུ་འཕྲད་པའི་གནད་དོན་གཙོ་བོ་གཉིས་ནི། བདེ་འཇགས་དང་གོང་འཕེལ་ཡིན་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། དམིགས་ས་ཁ་གསལ་ཡོད་པའི་སྒོ་ནས་ཀྲུང་གོའི་རིག་ནུས་དང་ཀྲུང་གོའི་འདོད་ཚུལ་གཉིས་བཏོན་གནང་ཡོད་ཅེས་དང་། ཁོང་གིས། མིག་སྔའི་དབུས་ཤར་ས་ཁུལ་དུ་འཐོར་ཞིག་ཅན་གྱི་གནད་དོན་འཕྲད་བཞིན་ཡོད་པ་དང་། ས་ཁུལ་གྱི་གནས་སྟངས་ཛ་དྲག་པོར་གྱུར་བས། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བདེ་འཇགས་སྒྲོམ་གཞིའི་བསམ་བློ་འཛུགས་སྐྱོང་བྱེད་པའི་ཐད། གནད་དོན་གྱི་རྩ་བ་འཛིན་ཐུབ་པ་བྱ་རྒྱུར་དོན་དངོས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་ཡོད་པ་རེད།

ཏུང་མན་ཡོན་གྱིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གཏམ་བཤད་གནང་སྐབས། ཁོག་ཡངས་རང་བཞིན་གྱི་འཆམ་མཐུན་དར་སྤེལ་དང་། བཙན་གནོན་རང་བཞིན་གྱི་མཐུན་ཐབས་བྱེད་པར་ངོ་རྒོལ་བྱ་རྒྱུ་སོགས་ཀྱི་འདུ་ཤེས་བཏོན་གནང་བ་དེས། སི་རི་ཡའི་གནད་དོན་དང་དབྱི་རན་ཉིང་རྡུལ་གནད་དོན་སོགས་ས་ཁུལ་གྱི་དོ་ཁུར་ཆེ་བའི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་བསལ་རང་བཞིན་ཆེན་པོ་ཡོད་པའི་ངོས་འཛིན་གནང་ཡོད་པ་རེད།

ས་ཨ་ཏིས། ཨ་རབ་མི་རིགས་ལ་རྒྱབ་སྐྱོར་བྱེད་མཁན་གྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པའི་ངོས་ནས། ཀྲུང་གོས་དབུས་ཤར་ས་ཁུལ་གྱི་བྱ་དོན་ཐག་གཅོད་བྱེད་པའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཀྱི་ཡོད་པས། ཨ་རབ་རྒྱལ་ཁབ་ཀྱི་རོགས་ཟླ་ངོ་མ་ཡིན་ཞེས་གསུངས་ཡོད་པ་རེད།

ཏུང་མན་ཡོན་གྱིས། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཚང་མ་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པའི་ངོས་ནས། གཅིག་མཚུངས་ཀྱི་གོང་འཕེལ་རེ་འདུན་དང་ཕན་ཚུན་འབྲེལ་བ་ཡོད་པའི་བསྐྱར་དར་ཕུགས་འདུན་ལྡན་ཡོད། ཕྱོགས་གཉིས་པོས་ལག་གདང་སྦྲེལ་ནས་སྐྱོད་པ་དང་། ཕན་ཚུན་རོགས་རེས་བྱས་ན། དབུས་ཤར་ས་ཁུལ་དུ་སྔ་ཙམ་ནས་ཞི་བདེ་བརྟན་ལྷིང་གོང་འཕེལ་མངོན་འགྱུར་ཐུབ་རྒྱུར་ཕན་ཐོག་ཡོད་པ་མ་ཟད། ཀྲུང་ཨ་མི་རིགས་ཆེན་པོ་གཉིས་ཀྱི་རླབས་ཆེའི་བསྐྱར་དར་དང་། ཀྲུང་ཨའི་ཁེ་ཕན་དང་། ལས་དབང་གཅིག་མཐུན་མ་ལག་ལ་སྐུལ་འདེད་གཏོང་རྒྱུར་རྨང་གཞི་བརྟན་པོ་ཞིག་གཏིང་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།