དངོས་གཞིའི་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་བར་སྲིད་གཞུང་གིས་ཚོད་འཛིན་ལྷུག་གཏོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།
སྤེལ་བའི་དུས་ཚོད། : 2018-07-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཧྥུ་ཅན་ཅིང་ཅང་ནི། ལོ་ངོ་༤༠གོང་ཞིང་སའི་ས་རྒྱུ་ཞན་ཞིང་ཐོན་ཐུངས་དཀོན་པའི་སྲོལ་རྒྱུན་གྱི་ཞིང་ལས་རྫོང་ཞིག་ཡིན་པ་དང་། ད་ལྟ་བསྟུད་མར་ལོ་༡༧རིང་རྒྱལ་ཡོངས་ཀྱི་དཔལ་འབྱོར་སྟོབས་ཆེའི་རྫོང་༡༠དང་། རྒྱལ་ཡོངས་ཀྱི་ཁྲོམ་རར་ཞུགས་པའི་ཀུང་སི་དང་གྲགས་ཅན་ཚོང་རྟགས་མང་ཤོས་ཀྱི་རྫོང་རིམ་པའི་གྲོང་ཁྱེར་ཞིག་ཏུ་གྱུར་ཡོད། དེ་ལྟ་བུའི་འགྱུར་ལྡོག་ལ། ཅིང་ཅང་གི་ངོ་མཚར་ཞེས་བརྗོད་ན་ཆོག་གི་ཡོད། ཅིང་ཅང་གི་གོང་འཕེལ་དེ་ཐོག་མར་དངོས་གཞིའི་དཔལ་འབྱོར་ནས་འགོ་ཚུགས་པ་དང་། དངོས་གཞིའི་དཔལ་འབྱོར་ལ་བརྟེན་ནས་དར་རྒྱས་ཕྱིན་ཞིང་། ལོ་བཅུ་གྲངས་རིང་ཁེ་ལས་བརྟན་སྲུང་བྱས་ནས། རིན་ཐང་སྒོར་དུང་ཕྱུར་སྟོང་ལས་བརྒལ་བའི་བཟོ་སྐྲུན་ལས་རིགས་༢དང་། སྒོར་དུང་ཕྱུར་བརྒྱ་ལས་བརྒལ་བའི་བཟོ་སྐྲུན་ལས་རིགས་༥གསོ་སྐྱོང་བྱས་ཡོད་པ་རེད། དངོས་གཞིའི་དཔལ་འབྱོར་དེ་དག་གི་གོང་འཕེལ་ནི་ས་གནས་དེ་གའི་ཏན་ཏན་ཏིག་ཏིག་གི་སྲིད་ཇུས་རྒྱབ་སྐྱོར་དང་སེམས་ཁུར་ལྷག་མེད་ཀྱི་སྲིད་གཞུང་ཞབས་ཞུ་དང་ཁ་བྲལ་ཐབས་མེད་པ་ཞིག་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཧྥུ་ཅན་དུ་ཕྱག་ལས་གནང་སྐབས། ཅིང་ཅང་གི་ཉམས་མྱོང་ལ་གཞིགས་ནས་སྲིད་གཞུང་གིས་ཁྲོམ་རའི་དཔལ་འབྱོར་ལ་མཛུབ་ཁྲིད་དང་ཞབས་ཞུ་བྱ་རྒྱུ་སྔ་བར་ཕྱི་གསུམ་དུ་རྒྱུན་འཁྱོངས་བྱ་དགོས་པ་དང་། ཁྲོམ་རའི་དཔལ་འབྱོར་གོང་འཕེལ་དང་ཞབས་ཞུ་རང་བཞིན་གྱི་སྲིད་གཞུང་འཛུགས་རྒྱུའི་བར་གྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱ་དགོས་ཞེས་སྟོན་གནང་ཡོད། ལོ་མང་སོང་རིང་། ཅིང་ཅང་གིས་སྔ་བར་ཕྱི་གསུམ་དུ་ཞི་ཅིན་ཕིང་གི་མཛུབ་སྟོན་དེས་བསྒྱུར་བཅོས་ཀྱི་འགོ་འཛུགས་ས་དང་མཇུག་བསྡུ་ས་བྱས་ཏེ། སྲིད་གཞུང་གི་འགན་ནུས་མགྱོགས་མྱུར་བརྗེ་བསྒྱུར་དང་། སྔོན་ལ་ཚོད་ལྟ་ལག་བསྟར་བྱས་པ་མ་ཟད། རྒྱུན་མཐུད་གོང་འཕེལ་རྒྱུན་འཁྱོངས་བྱས་ཡོད་པ་རེད། ཁེ་ལས་ལ་ཚོད་འཛིན་ལྷུག་གཏོང་བྱ་དགོས་ན། ཐོག་མར་ཁེ་ལས་ཀྱི་གོང་འཕེལ་དང་འཚམས་པའི་སྲིད་ཇུས་ལམ་ལུགས་འཐུས་ཚང་འཛུགས་དགོས་ཀྱི་ཡོད་པ་རེད།

སྤྱི་ལོ་༢༠༠༢ལོའི་ཟླ་༡༢པར། ཅིང་ཅང་དུ་ཧྥུ་ཅན་གྱི་སྲིད་འཛིན་ཞབས་ཞུའི་ལྟེ་གནས་ཐོག་མ་དེ་བཙུགས་པ་དང་། ཞིབ་མཆན་འགོད་པའི་དོན་ཚན་ཉུང་གཏོང་དང་། ཞིབ་མཆན་འགོད་པའི་ལྷུ་ཚིགས་ཟླ་སྒྲིལ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་འཚོལ་ཞིབ་བྱས་པ་མ་ཟད། ཚོང་གཉེར་ཁོར་ཡུག་ལེགས་བསྒྱུར་བྱེད་པའི་ཐད། ཁེ་ལས་ལ་ཞབས་ཞུ་སྒྲུབ་སྐབས། དགོས་མཁོ་མེད་ཚེ་མི་འགྲོ་བ་དང་། ག་དུས་བོས་ཀྱང་དེ་འཕྲལ་འགྲོ་བ། ཁ་བཤད་དོན་འཁྱོལ་ཐུབ་པ། ཞབས་ཞུ་འཐུས་སྒོ་ཚང་བ་བཅས་བྱེད་ཐུབ་པ་བཞི་དང་། འབྲེལ་ཡོད་དོན་དག་དུས་ཐོག་ཏུ་སྒྲུབ་པ་དང་། དྲ་ཐོག་ནས་སྒྲུབ་པ། ཐག་ཉེ་ས་ནས་སྒྲུབ་པ། ཐེངས་གཅིག་ལ་སྒྲུབ་ཚར་བ་བཅས་སྒྲུབ་ཐུབ་པ་བཞི་བཏོན་ཡོད་པ་རེད།

དམངས་གཉེར་ཁེ་ལས་ཀྱིས་ཚོང་གཉེར་ཁོར་ཡུག་གོང་འཕེལ་གཏོང་རྒྱུའི་ཐད་ཚད་མཐོའི་དོ་སྣང་བྱེད་ཀྱི་ཡོད་ཅིང་། གང་དུ་གོང་འཕེལ་ཁོར་ཡུག་ལེགས་པ་ཡོད་ན། དམངས་གཉེར་ཁེ་ལས་དེ་གར་བསྐྱོད་ནས་རྩ་བ་འཛུགས་པ་དང་། གོང་འཕེལ་སྟོབས་ཆེར་གཏོང་གི་ཡོད་པ་ལག་ལེན་གྱི་ཐོག་ནས་ར་སྤྲོད་བྱུང་ཡོད། མིག་སྔའི་བར། ཅིང་ཅང་གྲོང་ཁྱེར་ཡོངས་ཀྱི་ཁྲོམ་རའི་གཙོ་གཟུགས་ཁེ་ལས་ཆིག་འབུམ་དྲུག་ཁྲི་ལས་བརྒལ་བ་དང་། དམངས་གཉེར་ཁེ་ལས་ལྔ་ཁྲི་ལས་བརྒལ་ཡོད། ཅིང་ཅང་གི་གོང་འཕེལ་ཤུགས་ཆེན་འགྲོ་བའི་འཕེལ་ཚུལ་དེ། སྔོན་ལ་སྒྲུབ་ཕོད་པ་དང་། འབད་འཐབ་བྱས་ན་རྒྱལ་ཁ་ཐོབ་ཞེས་པའི་བྱ་གཞག་གསར་གཏོད་ཀྱི་སྙིང་སྟོབས་དང་ཁ་བྲལ་ཐབས་མེད་ལ། དེ་བས་ཀྱང་། ཅིང་ཅང་གི་ཉམས་མྱོང་བརྟན་སྲུང་བྱས་པ་དང་ཁ་བྲལ་ཐབས་མེད་ཅིང་། རིན་ཐང་བྲལ་བའི་ཉམས་མྱོང་དང་རྒྱུ་ནོར་དེ་དག་གིས། རྒྱལ་ཡོངས་ཀྱི་རྫོང་ཁོངས་དཔལ་འབྱོར་གོང་འཕེལ་ཐད་དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་ཐོན་ངེས་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།